བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ཆ་ཏིས་གྷར་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༥ ནས་ཟླ་ ༢ ཚེས་ ༨ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་དང་། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་རྣམ་གཉིས་རྒྱ་གར་མངའ་སྡེ་མདྱ་པྲ་དེཤ་ (Madhya Pradesh) དང་། ཆ་ཏིས་གྷར་ (Chhattisgarh) དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གནང་དང་གནང་མུས་ལྟར། སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཆ་ཏིས་གྷར་མངའ་སྡེའི་ བཱི་ལ་སི་པུར། ར་ཏ་ན་པུར། (Bilaspur Ratanpur) གྲོང་ཁྱེར་གྱི་ཧིན་རྡུའི་དགོན་པ་གྲགས་ཅན་ Shree Mahamaya Devi Temple ལ་གནས་གཟིགས་དུ་ཕེབས། དེ་རྗེས་ཁོང་གཉིས་ཀྱིས་མངའ་སྡེའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ MLA Sushant Shukla མཆོག་མཇལ་བཅར་གྱིས་ཞུ་སྐུལ་ལས་འགུལ་ངོ་སྤྲོད་དང་སྦྲགས། མེན་སྤར་གནས་སྡོད་བོད་མི་ཚོར་གཟིགས་རྟོག་འབོད་སྐུལ་ཞུས་ཡོད། མངའ་སྡེའི་གྲོས་ཚོགས་འཐུས་མི་མཆོག་གིས་འཚོགས་ལ་ཉེ་བའི་མངའ་སྡེའི་གྲོས་ཚོགས་ནང་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་འཐུས་མི་སྒེར་གྱི་གྲོས་ཆོད་འཁུར་རྒྱུའི་ཞལ་བཞེས་གནང་འདུག

དེ་རྗེས་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་ Atal Bihari Vajpayee Vishwavidyalaya ཡི་སློབ་སྟོན་པ་གྲངས་ ༢༠ ལྷག་དང་བོད་དང་རྒྱ་གར་གཉིས་གྱི་དབར་དུ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཐོག་གི་འབྲེལ་བ་དམ་ཟབ་སྐོར་དང་། དེ་བཞིན་བོད་དོན་བདེན་མཐའ་སེལ་ཐབས་སུ་ཞུ་སྐུལ་ལས་འགུལ་འདི་ཉིད་གལ་ཆེ་ཡིན་སྐོར་གླེང་མོལ་གསལ་བཤད་གནང་། ཉེ་བའི་རིགས་བདག་སྐུ་ཞབས་ Professor A.D.N. Bajpai མཆོག་ལ་ཐུགས་རྗེ་ལེགས་གསོའི་ཆེད་ཨིན་སྐད་ཐོག་༧གོང་ས་མཆོག་གི་ཕྱག་དེབ་བཙན་འབྱོལ་ནང་གི་རང་དབང་ (Freedom in Exile) དང་མཇལ་དར་བཅས་ཕུལ་ཏེ་དགེ་སློབ་ཡོངས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་སྐུལ་ཡིག་ཆ་སོགས་འགྲེམས་སྤེལ་ཞུས་ཡོད།

རིམ་པས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་དང་ཚོགས་མི་ཟུར་པ་སྐུ་ཞབས་ Dharamlal Kaushik མཆོག་གི་སྐྱེས་སྐར་ལ་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕེལ་རིམ་སོགས་ངོ་སྤྲོད་བྱས་ཏེ་མཇལ་དར་སྒྲོན་འབུལ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་སྐུལ་ཡིག་ཆ་སོགས་སྤྱན་འབུལ་ཞུས་ཡོད་འདུག

མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་ Pandit Sundarlal Sharma (open) University ཡི་སློབ་སྟོན་པ་དང་དགེ་རྒན་ ༤༠ ལྷག་ལ་བོད་དང་རྒྱ་གར་གཉིས་དབར་ལ་དགེ་སློབ་ཀྱི་དམ་ཚིག་ལྟ་བུའི་དམ་ཟབ་ཀྱི་འབྲེལ་བ་ཡོད་པ་དེ་ནམ་ཡང་བརྗེད་མི་རུང་པ་དང་། བོད་ནང་གི་ཛ་དྲག་གནད་སྟངས་ངོ་སྤྲོད་དང་ཞུ་སྐུལ་ལས་འགུལ་སོགས་སྐོར་གཏམ་བཤད་གནང་རྗེས་སློབ་སྟོན་པ་རྣམ་པའི་བཅར་འདྲི་སོགས་ལ་ལན་འདེབས་ཞུས། ཉེ་བའི་རིགས་བདག་སྐུ་ཞབས་ B.G. Singh མཆོག་ལ་ཐུགས་རྗེ་ལེགས་གསོལ་མཚོན་ཆེད་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ཕྱག་དེབ་གཅིག་དང་མཇལ་དར་བཅས་ཕུལ་ཡོད་འདུག།

མཐར་ Bilaspur Press Club དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་གསར་འགོད་པ་གྲངས་ ༤༠ ལྷག་ལ་བོད་ནང་གི་གནས་སྟངས་དང། དེང་སང་རྒྱ་གར་གྱི་གསར་འགོད་པ་གཙོས་པའི་དཔོན་རིགས་ཁག་ཅིག་གིས་རྒྱ་ནག་དང་རྒྱ་གར་གྱི་ས་མཚམས་ཟེར་བ་དེ་ནོར་འཁྲུལ་ཆེན་པོ་ཡིན་པས་དེར་ཐུགས་ཟབ་གནང་དགོས་པ་གནན་བརྗོད་དང་བཅས་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་ཡོད་པ་བཅས།