བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་དོན་ལྷག་མ་བསྐྱང་རྒྱུའི་ཚོགས་འདུ་འཕར་འགྱངས་གནང་བ།

༄༅། །བཀུར་འོས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལྷན་རྒྱས་མཆོག་ལ།

ཆེད་ཞུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་ ༢ པར། “སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།” ཞེས་གསལ་བ་བཞིན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པ་མུ་མཐུད་བསྐྱང་རྒྱུར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོངས་མིན་དབང་གིས་རེ་ཞིག་ཚོགས་འདུ་འཕར་འགྱངས་བྱ་རྒྱུ་དང་། ཚོགས་དུས་འདིའི་ལས་དོན་ལྷག་མ་རྣམས་མུ་མཐུད་བསྐྱང་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མཚམས་འབྲེལ་ལམ་ཞུ་རྒྱུ་ལགས་ན་ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་གནང་དགོས་ཞེས་ཕེབས་སོང་བ་དགོངས་མངའ་མཁྱེན།     སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༨ ལ།

ཕུལ།།