༄༅། ། བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་དབུས་གཞུང་གི་ཐད་ཀར་འཛིན་སྐྱོང་འོག་ཡོད་པའི་ཇ་མུ་ཀ་ཤི་མིར་ཁུལ་ལ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཤམ་ ལལ་ (Shri Sham Lal, Former Minister and MLA) མཆོག་དང་། ཇ་མུ་ཀ་ཤི་མིར་ཁུལ་གྱི་ཝི་ཤི་ཝ་ཧིན་དྷུ་པ་ར་ཤཏ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝི་ཀ་རམ་ རན་དྷ་ཝ་ (Shri. Vikram Randhawa, President of Vishwa Hindu Prashad, JK) མཆོག་སོགས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་སྦྲགས། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུས་གནང་ཡོད་པ་དང་། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་ཡིག་དང་། དྲན་རྟེན་ཕྱག་རྟགས་བཅས་སོ་སོར་ཕུལ་གནང་ཡོད་པ་བཅས།