རྒྱ་གར་གྲོས་ཚོགས་གོང་མའི་ཨོ་ཌི་ཤ་མངའ་སྡེའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མར་མཆོག
༄༅། ། རྒྱ་གར་རྒྱལ་ས་ལྡི་ལིར་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༣ ནས་ ༢༣ བར་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༨ དང་། ༡༩ བོད་དོན་ཞུ་སྐུལ་གྱི་ཉིན་ལྔ་པ་དང་། དྲུག་པར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་དང་། སི་ལོ་ཝི་ཀི་ཡའི་གཞུང་ཚབ་ཆེན་མོ། ལཊ་ཝི་ཡའི་གཞུང་ཚབ་ཆེན་མོ་གཞོན་པ་སོགས་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།
རྒྱ་གར་གྲོས་ཚོགས་འོག་མའི་ལྡི་ལིའི་འཐུས་མི་དང་། འཕྲོད་བསྟེན་བློན་ཆེན་ཟུར་པ་སྨན་པ་ཧཱར་ཤ་ཝར་ཌཱན་མཆོག
དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ནས་ཉིན་གུང་ཆུ་ཚོད་ ༢།༠༠ བར་རིམ་པས་རྒྱ་གར་གྲོས་ཚོགས་གོང་མའི་ཨོ་ཌི་ཤ་མངའ་སྡེའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar, Raj Sabha member from Odisha) མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་ལྡི་ལིའི་འཐུས་མི་དང་། འཕྲོད་བསྟེན་བློན་ཆེན་ཟུར་པ་སྨན་པ་ཧཱར་ཤ་ཝར་ཌཱན་ (Dr. Harsh Vardhan, Lok Sabha member from Delhi) མཆོག
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནཱ་རེན་དཱར་དྷ་མོ་དཱར་ཇཱ་དྷེབ་མཆོག
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ནཱ་རེན་དཱར་དྷ་མོ་དཱར་ཇཱ་དྷེབ་ (Shri. Narendar Damodar Jadhav, Raj Sabha member) མཆོག་བཅས་དང་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་།
དགོང་དྲོ་ཆུ་ཚོད་ ༧།༠༠ ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དུ་མགྲོན་འབོད་ལྟར་ཆེད་ཕེབས་གནང་སྟེ། ཅེཀ་ཀོ་སི་ལོ་ཝ་ཀི་ཡའི་སྲིད་འཛིན་མཐའ་མ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་༧གོང་ས་མཆོག་གི་གྲོགས་པོ་སྐུ་ཞབས་ཝ་ཚི་ལབ་ཧཱ་ཝེལ་ (Vaclav Havel) མཆོག་སྐུ་གཤེགས་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་གསོལ་སྟོན་དུ་མཉམ་ཞུགས་གནང་བ་དང་།
སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་དང་། སི་ལོ་ཝི་ཀི་ཡའི་གཞུང་ཚབ་ཆེན་མོ། ལཊ་ཝི་ཡའི་གཞུང་ཆེན་མོ་གཞོན་པ་སོགས་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་འཕྲད་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་རྒྱ་གར་གྲོས་ཚོགས་གོང་མའི་ཀར་ན་ཊ་ཀ་མངའ་སྡེའི་འཐུས་མི་སྐུ་ཞབས་ཇཱེ་རམ་རཱ་མེ་ཤི་ (Shri Jairam Ramesh, Raj Sabha member from Karnataka) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།
བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས་སྤྱི་འཐུས་རྣམ་པས་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐབས་དང་། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་མུ་མཐུད་རྒྱུན་གནས་ཆེད་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་གླེང་སློང་ཡོང་བར་རྒྱ་གར་གཞུང་གིས་ཐུགས་འགན་གཙོ་བོ་བཞེས་དགོས་པའི་འབོད་སྐུལ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་མཉམ་འབྲེལ་གྱི་ཐོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར། ༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་ཞི་མོལ་ཡོང་ཐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་དང་ཁོར་ཡུག་གི་ཚོགས་འདུ་སོགས་ཀྱི་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་གིས་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ཐད་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཡོང་ཐབས་བཅས་ཀྱི་སྐོར་རྒྱབ་སྐྱོར་དང་། བོད་ནང་གི་བོད་མི་རྣམས་ལ་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་མཚོན་སླད། དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ལ་གཞུང་འབྲེལ་མཛད་གཙོ་རྣམས་མཉམ་ཞུགས་མི་གནང་བའི་འབོད་སྐུལ་བཅས་ཞུས་གནང་ཡོད་འདུག
རྒྱ་གར་གྲོས་ཚོགས་གོང་མའི་ཀར་ན་ཊ་ཀ་མངའ་སྡེའི་འཐུས་མི་སྐུ་ཞབས་ཇཱེ་རམ་རཱ་མེ་ཤི་མཆོག
ཐེངས་འདིའི་བོད་དོན་ཞུ་སྐུལ་ནི་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༤ ནས་དངོས་སུ་འགོ་འཛུགས་ཏེ། ཚེས་ ༢༣ བར་ཉིན་གྲངས་བཅུའི་རིང་གནང་རྒྱུ་ཡིན་པ་དང་། ཞུ་སྐུལ་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་གནང་ཡོད་པ་བཅས། །