ཐའེ་ཝན་གཞུང་ཚབ་ཆེན་མོ་དང་། གཞུང་ཚབ་ཆེན་མོ་གཞོན་པ་བཅས་དང་ལྷན།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༤ ཉིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་དངོས་སུ་འགོ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། ལྡི་ལི་དོན་ཁང་གི་དྲུང་ཆེ། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམས་དང་ལྷན་ལས་འགུལ་དེ་དང་འབྲེལ་བའི་ཐོག་བཀའ་བསྡུར་དང་། ཆུ་ཚོད་ ༡༠།༣༠ ཐོག་ལྡི་ལིར་རྟེན་གཞི་བྱས་པའི་ཐའེ་ཝན་གཞུང་ཚབ་ཆེན་མོ་དང་། གཞུང་ཚབ་ཆེན་མོ་གཞོན་པ་བཅས་གཞུང་ཚབ་ཀྱི་འབྲེལ་ཡོད་མི་སྣ་རྣམས་དང་ལྷན་མཇལ་འཕྲད་ཀྱིས་མ་འོངས་པར་ཐའེ་ཝན་གཞུང་དང་། བོད་མིའི་སྒྲིག་འཛུགས་གཉིས་དབར་མཉམ་འབྲེལ་གནང་ཕྱོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་འདུག
བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཡིག་སྐུ་ཞབས་མཱ་ཧིན་དི་ར་པན་ཌེ་མཆོག་དང་ལྷན།
ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་རྒྱ་གར་གཞུང་འཛིན་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་གི་དྲུང་ཡིག་སྐུ་ཞབས་མཱ་ཧིན་དི་ར་པན་ཌེ་ (Shri Mahendra Pandey) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། རྒྱ་གར་གཞུང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་ཕྱོགས་སོགས་ཀྱི་སྐོར་ལ་ལམ་སྟོན་དང་རོགས་རམ་ཡོང་བའི་འབོད་སྐུལ་དང་འབྲེལ་བཀའ་བསྡུར་གནང་བ་དང་།
རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ཨ་ཐ་ཝ་ལི་མཆོག་དང་ལྷན།
དེ་རྗེས་ཉིན་གུང་ཆུ་ཚོད་ ༡།༠༠ པོ་ནས་དགོང་དྲོ་ཆུ་ཚོད་ ༨།༠༠ པའི་བར་རིམ་པས་མཧ་རཱཤཀྲ་མངའ་སྡེའི་ཁོངས་ནས་ཡིན་པའི་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ཨ་ཐ་ཝ་ལི་ (Shri Ramdas Athawale, Ministry of Social Justice and Empowerment) མཆོག་དང་། ཁེ་ན་ཌ་གཞུང་ཚབ་ཀྱི་གནད་ཡོད་མི་སྣ་ཁག་ཅིག
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷ་ཤི་སེ་ཐ་ན་རེན་སིང་མཆོག་དང་ལྷན།
བྷི་ཧར་མངའ་སྡེའི་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷ་ཤི་སེ་ཐ་ན་རེན་སིང་ (Shri Bashistha Narain Singh, MP of Rajya Sabha for Bihar) མཆོག བྷི་ཧར་མངའ་སྡེའི་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀོ་ཤཱ་ལེན་དྷར་ཀུ་མར་ (Shri Kaushalendra Kumar, MP of Lok Sabha for Bihar) མཆོག ཀར་ན་ཊ་ཀ་མངའ་སྡེའི་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀེ་སི་རཱ་མ་མུར་ཐེས་ (Shri K.C. Ramamurthy, Member of Rajya Sabha for karnataka) མཆོག ཡུ་པི་མངའ་སྡེའི་ཁོངས་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ནེལ་ཨ་གྷར་ཝལ་ (Anil Agrawal, Member of Rajya Sabha for UP) མཆོག་བཅས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀོ་ཤཱ་ལེན་དྷར་ཀུ་མར་མཆོག་དང་ལྷན།
བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས་སྤྱི་འཐུས་རྣམ་པས་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐབས་དང་། དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་མིའི་ངོ་བོ་དང་རིག་གནས་རྒྱུན་འཛིན་ཡོང་ཆེད་རྒྱལ་སྤྱིའི་ཐོག་ཏུ་རྒྱ་གར་གཞུང་གིས་ཐུགས་འགན་གཙོ་བོ་བཞེས་དགོས་པའི་འབོད་སྐུལ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་མཉམ་འབྲེལ་གྱི་ཐོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར། ༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་ཞི་མོལ་ཡོང་ཐབས།
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀེ་སི་རཱ་མ་མུར་ཐེས་མཆོག་དང་ལྷན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་དང་ཁོར་ཡུག་གི་ཚོགས་འདུ་སོགས་ཀྱི་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་གིས་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ཐད་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཡོང་ཐབས་བཅས་ཀྱི་སྐོར་རྒྱབ་སྐྱོར་དང་། བོད་ནང་གི་བོད་མི་རྣམས་ལ་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་མཚོན་སླད། དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ལ་གཞུང་འབྲེལ་མཛད་གཙོ་རྣམས་མཉམ་ཞུགས་མི་གནང་བའི་འབོད་སྐུལ་བཅས་ཞུས་གནང་ཡོད་འདུག
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ནེལ་ཨ་གྷར་ཝལ་མཆོག་དང་ལྷན།
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་དགུན་དུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༤ ནས་འགོ་འཛུགས་ཏེ། ཚེས་ ༢༣ བར་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་པ་ཁག་ཅིག་གིས་གཙོས་གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་དང་།
ཞུ་སྐུལ་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་གནང་ཡོད་པ་བཅས། །