བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པ།    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ཞེས་པའི་ནང་གསེས་ ༤ པ་ “སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ།” ཞེས་པའི་ཆ་རྐྱེན་འོག གཞུང་འབྲེལ་ཡིག་ཆ་ཨང་། ༣༩ པ་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་དགོས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྙན་སྒྲོན་དང་།

དེར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་བ་དང་། སྤྱི་མོས་ཐོག་ཚུད་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསལ་བཤད་སྙིང་བསྡུས་དང་། སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་གྲུབ་མཚམས། སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་ཏེ། འཕོ་འགྱུར་དགོས་པའི་འོས་གྲངས་ ༣༡ དང་། འཕོ་འགྱུར་མི་དགོས་པའི་འོས་གྲངས་ ༡༠ བཅས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་ཐོག་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་རྣམ་གཉིས་འཕོ་འགྱུར་བཏང་ཡོད།

དེ་རྗེས་ནང་སྲིད་ལས་ཁུངས་ཀྱི་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་གནང་འགོ་འཛུགས་གནང་ཡོད་པ་དང་། བགྲོ་གླེང་ཐོག་སྤྱི་འཐུས་ ༢༠ ཡིས་ཆ་ཤས་བླངས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས་གཙོ་བོ་ས་ཐོ་ལག་འཛིན་དང་འབྲེལ་བའི་སྐོར་དང་། ཁ་ཐོར་གྲྭ་བཙུན་རྣམས་ལ་སྡོད་ཁང་གི་མཐུན་རྐྱེན་གནང་སྐྱོང་ཡོང་ཐབས། རྡ་སའི་ཁུལ་གྱི་གསར་འབྱོར་བ་རྣམས་ལ་སྡོད་ཁང་གསར་བསྐྲུན་ཡོང་ཐབས། ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས། ཀུ་ལུ་གཞིས་ཆགས་ཀྱི་ས་བབ་གནས་སྟངས་ཀྱི་དཀའ་ངལ་དང་ནང་སྲིད་ལས་ཁུངས་ནས་དཀའ་སེལ་གང་གནང་ཡོད་མེད་སྐོར། ས་ཁང་ཚོང་བསྒྱུར་དང་འབྲེལ་བའི་སྐོར། ཚོང་ཙག་ཙིག་རྒྱག་མཁན་བོད་མི་རྣམས་ལ་སྐྱེས་ཆུང་བུན་གཡར་སོགས་རོགས་སྐྱོར་གནང་དགོས་གནས། ན་གཞོན་ལས་མེད་གཞོན་སྐྱེས་རྣམས་ལ་ལག་ཤེས་སྦྱོང་བརྡར་གནང་དགོས་གནས། མཉམ་འབྲེལ་ཚགས་ཚུད་གཏོང་ཐབས་དང་འབྲེལ་བའི་སྐོར། ཉམ་ཐག་གི་གནས་བབ་དང་ཉམ་ཐག་རོགས་སྐྱོར་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་སོགས་ཕུལ་གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། གཞན་ཡང་སྤྱི་འཐུས་རྣམ་པས་བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་དཔལ་ལྡན་བཀའ་ཤག་དང་། ནང་སྲིད་ལས་ཁུངས་ངོས་ནས་སྡོད་ཁང་གསར་རྒྱག་གནང་བ་དང་། དེ་བཞིན་དཔལ་ལྡན་བཀའ་ཤག་ནས་གངས་སྐྱིད་ལས་ཁུངས་ཁག་དང་། ལས་ཤག་ཁག་གསར་རྒྱག་གནང་བ་བཅས་ལ་བསྔགས་བརྗོད་གནང་བ་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ཛ་དྲག་སྐབས་ནང་སྲིད་ལས་ཁུངས་སྤྱི་དང་། ཁྱབ་ཁོངས་ས་གནས་འགོ་འཛིན་རྣམ་པས་བཟའ་བཅའ་བགོ་འགྲེམས་གནང་རྒྱུས་མཚོན་པའི་མི་མང་རྣམས་ལ་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་བསྔགས་བརྗོད་ཞུས་གནང་སོང་།

 

དེ་རྗེས། སྣེ་ལེན་འབྲེལ་མཐུད་ཁང་གི་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་སྤྱི་འཐུས་ ༡༠ ཡིས་བགྲོ་གླེང་ཆ་ཤས་བླངས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས་སྣེ་ལེན་ཁང་གི་ཁང་པ་དང་ཅ་དངོས་རྣམས་བདག་གཅེས་ཡག་པོ་གནང་དགོས་སྐོར་དང་། རྡ་ས་ཁུལ་གྱི་གསར་འབྱོར་བ་ཚོར་སྣེ་ལེན་ཁང་དུ་སྡོད་ཁང་གསར་བཞེངས་གནང་ཐུབ་མིན་སྐོར། ཕྱི་ལོ་ ༢༠༠༦ ལོར་ནང་པ་ལ་ས་མཚམས་སུ་རྒྱ་དམར་གྱི་མེ་མདའི་ཉེན་ཁའི་འོག་ནས་ཐར་བའི་བོད་མི་བཙན་བྱོལ་བ་རྣམས་ཆབ་སྲིད་བཙོན་ཟུར་དང་འབྲེལ་བའི་ཐོག་ཨོ་སི་ཀྲོ་ལི་ཡའི་གནས་སྤོས་ལས་གཞིའི་ཐོག་ཚུད་ཐབས་ཡོང་གནས།  འདས་པའི་ལོ་གཉིས་ནང་སྣེ་ལེན་ཁང་ལ་བོད་ནས་གསར་དུ་བོད་མི་ཇི་ཙམ་འབྱོར་ཡོད་མེད་སྐོར་སོགས་ཀྱི་དགོངས་ཚུལ་དང་། དོགས་འདྲི་ཕུལ་གནང་བར་དཔལ་ལྡན་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

རིམ་པས་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་གི་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་དང་།  སྤྱི་འཐུས་རྣམ་པས་གྲོས་ཚོགས་ལས་ཉིན་སྔོན་མའི་སྐབས་དབུས་འོས་བསྡུ་ལས་ཁང་དང་འབྲེལ་བའི་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་བརྒྱུད་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །