༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དགུ་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་གིས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་རཱམ་སོ་ཝ་རུབ་ཤར་མ་ (Pandit Ram Swaroop Sharma) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་རྗེས། སྤྱི་འཐུས་ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།
དེ་རྗེས་མུ་མཐུད་ཤེས་རིག་ལས་ཁུངས་ཀྱི་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་གནང་འགོ་འཛུགས་པ་དང་། བགྲོ་གླེང་ཐོག་སྤྱི་འཐུས་ ༢༩ ཡིས་ཆ་ཤས་བླངས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས་གཙོ་བོ་སམ་བྷོ་ཊའི་སློབ་གྲྭའི་ཆོད་གན་དགེ་རྒན་རྣམས་གཏན་འཇགས་དགེ་རྒན་དུ་བསྐོ་གཞག་གནང་ཐབས་ཡོང་སྐོར་དང་། ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་གྲྭའམ་གཟའ་མཇུག་སློབ་གྲྭའི་ནང་སློབ་དེབ་ཀྱི་མཐུན་འགྱུར་ཡོང་ཐབས་དང་། སློབ་དེབ་དང་བསླབ་གཞིའི་ནང་བོད་ཀྱི་གཞས་དང་། གཞས་ཚིག་སོགས་ཡོད་ན་དགེ་མཚན་ཆེ་སྐོར། གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་ཤེས་རིག་ལས་ཁུངས་ནས་ཕྱག་ཁྱེར་འབུལ་དགོས་གལ། བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་གྱི་སློབ་གསོ་གང་མང་སྤེལ་དགོས་པ། སློབ་གྲྭ་ཁག་གི་སྤྱི་ཡོངས་ཀྱི་དགེ་རྒན་གྱི་གསོལ་ཕོགས་སྤར་དགོས་པ། ད་བར་སྲིད་སྐྱོང་གཟེངས་རྟགས་བཞེས་མཁན་སློབ་ཕྲུག་རྣམས་ཀྱི་ད་ལྟའི་གནས་བབ་སྐོར། ཐོན་མི་སམ་བྷོ་ཊ་ལྟ་བུ་བོད་ལ་བཀའ་དྲིན་ཅན་གྱི་མི་སྣའི་འཁྲུངས་ཚེས་སོགས་དང་འབྲེལ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་དགེ་རྒན་ཉིན་མོ་སོགས་སྲུང་བརྩི་ཞུ་ཐབས། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཟས་བཅུད་ཡར་རྒྱས་གཏོང་དགོས་སྐོར། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་ནང་གསར་ཞུགས་བྱེད་མཁན་བོད་པའི་སློབ་ཕྲུག་ཚོ་ཕྱིའི་རྒྱལ་ཁབ་ཀྱི་སློབ་མའི་ཁོངས་སུ་བཅུག་ནས་སློབ་ཡོན་སྤར་བའི་གནས་སྟངས་སྐོར་དང་དང་ཤེས་རིག་ལས་ཁུངས་ནས་དེའི་ཐོག་ཀའ་ངལ་སེལ་ཐབས་གང་གནང་མིན་སྐོར། བཙན་བྱོལ་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་ཙམ་མིན་པར་རྒྱལ་ཞེན་གྱི་སློབ་གསོ་སྤེལ་དགོས་གནས། སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་རྣམས་ལ་སློབ་འཁྲིད་གནང་ཕྱོགས་ཐོག་ཟབ་སྦྱོང་དགོས་གལ། སློབ་གྲྭ་ཁག་གི་ནང་བོད་ཀྱི་ལོ་རྒྱུས་ཐོག་བྱས་རྗེས་ཅན་གྱི་མི་སྣ་ཁག་ངོ་སྤྲོད་གནང་ཐུབ་དགོས་པ། དགེ་རྒན་གྱི་གལ་གནད་དང་། དགེ་རྒན་རྣམས་ལ་ཆེ་མཐོང་དགོས་པ། དེ་བཞིན་སློབ་གྲྭའི་གྲུབ་འབྲས་ཡག་པོ་ཐོབ་པར་དགེ་རྒན་ཚད་ལྡན་བཀོད་སྒྲིག་གནང་དགོས་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གཟའ་མཇུག་སློབ་གྲྭ་གཅིག་པུ་མིན་པར་གཞི་རིམ་གྱི་སློབ་གྲྭ་འཛུགས་ཐུབ་མིན་སྐོར། དགོན་སྡེ་ཁག་གི་སློབ་གྲྭ་ཁག་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ནང་འཇུག་ཐུབ་མིན་སྐོར། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་གནས་སྟངས། བོད་མིའི་སྤྱི་ཚོགས་ནང་བོད་པས་བོད་མིའི་སློབ་ཕྲུག་རྣམས་ལ་སློབ་ཡོན་གནང་མཁན་ཇི་ཙམ་ཡོད་མེད། སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་འཁྲིད་གནང་ཕྱོགས་དང་། བསླབ་གཞི་ཁག་ལ་བསྐྱར་ཞིབ་གནང་ཐུབ་ན་དགེ་མཚན་ཆེ་སྐོར། བོད་མི་ཚང་མས་སོ་སོའི་ཕྲུ་གུ་བོད་པའི་སློབ་གྲྭའི་ནང་སློབ་འཇུག་གནང་དགོས་གལ། བོད་ཁྱིམ་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་རྣམས་ཏཱ་ལའི་བླ་མ་མཐོ་སློབ་ལ་འགྲོ་རྒྱུའི་ཆ་རྐྱེན་དང་སློབ་ཡོན་གནང་ཕྱོགས་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་གནང་བར། དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།
གཞན་ཡང་སྤྱི་འཐུས་རྣམ་པས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་སྐབས་བོད་ཀྱི་བརྙན་འཕྲིན་བརྒྱུད་དགེ་རྒན་རྣམ་པས་དྲྭ་ཐོག་ནས་སློབ་ཕྲུག་རྣམས་ལ་སློབ་ཚན་ཁྲིད་པ་དང་། དེ་བཞིན་སློབ་གྲྭ་སོ་སོའི་དགེ་རྒན་རྣམ་པས་དྲྭ་རྒྱ་བརྒྱུད་སློབ་ཕྲུག་རྣམས་ལ་སློབ་ཚན་ཁྲིད་པ་དེས་སློབ་ཕྲུག་རྣམ་པའི་ཤེས་ཡོན་ཐོག་ལ་འཐུས་ཤོར་མེད་པར་འགན་ཁུར་ཆེན་པོ་བཞེས་པར། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་གཙོས་པའི་འགོ་ལས་ཡོངས་དང་། དགེ་རྒན་རྣམ་པ་བཅས་ཚང་མར་བསྔགས་བརྗོད་དང་། དེ་བཞིན་བོད་པའི་སློབ་གྲྭ་ཁག་གི་སྤྱི་ཡོངས་འཛིན་རིམ་བཅུ་པ་དང་། བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་གྲུབ་འབྲས་ཡག་པོ་བྱུང་བ་དང་། ལྷག་པར་དུ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པ་དང་། བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་གཟེངས་སུ་ཐོན་པ། དེ་བཞིན་སྲིད་སྐྱོང་གཟེངས་རྟགས་བཞེས་མཁན་སྔར་ལས་མང་བ་བཅས་བྱུང་བར། ཤེས་རིག་ལས་ཁུངས་དང་། དགེ་ལས་རྣམ་པ། ཕ་མ་རྣམ་པ་བཅས་ཚང་མར་བསྔགས་བརྗོད་གནང་སོང་།
དེ་རྗེས་ནང་སྲིད་ལས་ཁུངས་ཀྱི་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་གནང་འགོ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པས་རྡ་ས་མེག་གྷན་བྷག་སུ་དང་ཟློས་གར་ལམ་གྱི་བོད་པའི་ཁང་པ་མང་པོ་ཞིག་ལ་ལོ་ཤས་སྔོན་ཤིང་ནགས་ས་ཆའི་ནང་ཚུད་པའི་དཀའ་ངལ་དང་འབྲེལ་བའི་ཐོག་ནང་སྲིད་ལས་ཁུངས་ནས་དེ་དག་སེལ་ཐབས་སླད་གང་བྱེད་མིན་དང་། ཕྱི་ལོ་ ༢༠༡༤ ལོའི་རྒྱ་གར་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་སྲིད་བྱུས་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་སོགས་ཕུལ་གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །