བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དྲུག་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་དྲུག་པ་ཚོགས་གནང་ཡོད།

དེ་ཉིན་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་རྒྱུའི་ལས་རིམ་ཐོག སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཟུར་བཀོལ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཟུར་བཀོལ། ལས་བྱེད་གསོལ་ཚང་གི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཁག་གི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས་གཙོ་བོ་དགེ་རྒན་གྱི་མཐུན་རྐྱེན་ཡག་ཏུ་གཏོང་དགོས་པ་དང་། བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་ཕྱག་ལས་གནང་ཕྱོགས། ས་མཚམས་ཁག་ལ་ཡོད་པའི་བོད་མི་ཚོར་དཔྱ་ཁྲལ་ལག་དེབ་བཟོ་གལ་ཆེན་པོ་ཡིན་སྐོར། ཚོང་ལས་བུན་གཡར་ལས་གཞི་དང་འབྲེལ་ནས་ཤེས་ཡོན་ཐོག་བུན་གཡར་ལས་གཞི་ཡོད་མེད་སྐོར། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནང་མི་མང་ནས་དངུལ་བཅོལ་ཆོག་གི་ཡོད་མེད་སྐོར། ཚོང་ལས་བུན་གཡར་གྱི་ལས་གཞིའི་སྐོར་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་གནང་བར་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འཚོ་རྟེན་རོགས་སྐྱོར་གྱི་བུ་ལོན་ལས་གཞི་དང་། ཚོང་ལས་བུན་གཡར་གི་ལས་གཞི་གཉིས་མི་འདྲ་བ་ཡིན་སྐོར་དང་། ད་ལྟའི་ཆར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནང་མི་མང་ནས་ (Saving) ལྟ་བུ་དངུལ་བཅོལ་ཆོག་གི་མེད་སྐོར། ཁྲིམས་དང་མཐུན་པའི་ཐོག་ནས་མ་འཛུགས་བྱེད་ཆོག་གི་ཡོད་པ། ཚོང་ལས་བུན་གཡར་གྱི་ལས་གཞི་སྤྱི་དང་། བུན་གཡར་ཐོབ་པར་དང་བླངས་དཔྱ་དངུལ་དང་། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར། ཚོང་བརྒྱབ་ཆོག་པའི་ལག་འཁྱེར། རྒྱ་གར་ནང་ཁྲལ་འབུལ་གྱི་ཡོད་པ། སྐྱིད་སྡུག་གི་འགན་ལེན། ས་གནས་འགོ་འཛིན་གྱི་རྒྱབ་གཉེར་སོགས་ཀྱི་ཁུངས་སྐྱེལ་བྱེད་དགོས་ཀྱི་ཡོད་པ་དང་། རྒྱ་གར་གཞུང་གི་ཁྲིམས་ལྟར་ས་ཆ་དང་། ཁང་པ་སོགས་གཏའ་མ་འཇོག་དགོས་པ་སོགས་འགྲེལ་བརྗོད་གནང་བ་དང་།

ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས་ཁ་ཐོར་གྲྭ་བཙུན་ཁག་གི་འཚོ་བའི་མཐུན་རྐྱེན་དང་། དགོན་སྡེ་ཁག་གི་དཔེ་འཁྲིད་དགེ་རྒན་རྣམ་པའི་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་གལ། བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ལོ་མང་རིང་སྐུ་ལས་བསྐྱོན་ཏེ་སློབ་དེབ་བློ་གསལ་མགུལ་རྒྱུན་ཞེས་པ་རྩོམ་སྒྲིག་གནང་བར་བསྔགས་བརྗོད་དང་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ངོ་མ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དེ་ཡིན་པ་དང་དེ་ཡང་བོད་མིའི་སྒྲིག་འཛུགས་ནས་མགོན་པོ་གང་གི་གསུང་རྩོམ་ཕྱོགས་བསྒྲིགས་གནང་དགོས་གལ་ཆེན་པོ་ཡིན་པ། དེ་བཞིན་བསྟན་དག་བླ་ཆེན་རྣམ་པའི་གསུང་རྣམས་ཕྱོགས་བསྒྲིགས་གནང་དགོས་པ། བོད་ཀྱི་ཟློས་གར་ཚོགས་པ་ཡར་རྒྱས་དང་ཚོགས་པའི་ངོས་ནས་བོད་ཀྱི་ཡུལ་ལུང་ཁག་འདྲ་མིན་གྱི་རིག་གཞུང་གཞས་སྣ་མཁོ་སྒྲུབ་གནང་དགོས་པ། བོད་ནས་ཕེབས་པའི་གྲྭ་བཙུན་རྣམས་ལ་དམིགས་བསལ་གཟིགས་རྟོག་དགོས་གལ། ༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ཚང་མས་དོ་སྣང་གནང་དགོས་པ། མི་སྐྱ་རྣམས་ལའང་ནང་དོན་རིག་པ་བསླབ་སའི་སྡེ་ཁག་འཛུགས་ཐབས་ཡོང་སྐོར་སོགས་ཀྱི་དགོངས་ཚུལ་དང་། དོགས་འདྲི་ཕུལ་གནང་བར། དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་གནང་བའི་སློོབ་དེབ་བློ་གསལ་མགུལ་རྒྱུན་ཞེས་པ་དེ་འཕགས་ཡུལ་ཀི་རྟིའི་བྱེས་པ་གྲྭ་ཚང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་ཕྱེ་མཛད་པ་དང་། བོད་མིའི་སྒྲིག་འཛུགས་ནས་འདི་ལོ་པར་ཐེངས་གཉིས་པ་བརྒྱབ་ནས་འགྲེམས་སྤེལ་ཞུས་དང་ཞུ་མུས་ཡིན་སྐོར་དང་། ༧གོང་ས་མཆོག་གིས་ཆོས་ཚོགས་ཁག་ལ་གནང་བའི་བཀའ་སློབ་རྣམས་ཕྱོགས་བསྒྲིགས་གནང་བཞིན་ཡོད་པ་སོགས་གསུངས་གནང་སོང་།

དེ་བཞིན་སྤྱི་འཐུས་རྣམ་པས་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་སླད་དཔེ་དེབ་བརྒྱ་ལྷག་པར་བསྐྲུན་གནང་བཞིན་ཡོད་པར་བསྔགས་བརྗོད་དང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ (Covid-19) ཞི་ཐབས་སླད་ཆོས་ཕྱོགས་ཀྱི་ལས་དོན་རྒྱ་ཆེ་གནང་བ་བཅས་ལ་བསྔགས་བརྗོད་གནང་སོང་།

ཆོས་རིག་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་ཀྱི་རྩིས་འགོ་ “འཛིན་ཆས་གསར་ཉོ།” ཞེས་པར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་གཅོག་ཆའི་གྲོས་འཆར་བཏོན་གནང་བ་དང་། དེར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་གཅོག་ཆའི་གྲོས་འཆར་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོག་ཆོས་རིག་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་གཏན་འབེབས་གནང་སོང་།

དེ་རིང་ལས་རིམ་མཐའ་མར་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱིས་དགོངས་ཤོག་ཁག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་གནང་བ་དང་། ཚོགས་འདུ་གཙོ་སྐྱོང་བ་དཔལ་ལྡན་ཚོགས་གཞོན་མཆོག་གིས་གནངས་སྔ་དྲོ་ཆུ་ཚོད་ ༩།༣༠ བར་ཚོགས་གསེང་ཡིན་པའི་གསལ་བསྒྲགས་གནང་བ་དང་། རེས་གཟའ་ཟླ་བ་ཉིན་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་རྒྱུ་ཡིན་པ་བཅས། །

 

 

 

 

 

Menu