བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གསུམ་པའི་གནས་ཚུལ།

 

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༧  ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གསུམ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་འགོ་འཛུགས་ཤིང་། བགྲོ་གླེང་གི་ལས་རིམ་ཐོག་བཀུར་འོས་སྤྱི་འཐུས་ ༢༦ གིས་ཆ་ཤས་བླངས་ཡོད་པ་དང་། སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གི་ཆབ་སྲིད་ཚོགས་པ་ཁག་ཚང་མར་འབྲེལ་བ་གཅིག་མཚུངས་གནང་དགོས་པ་དང་། བོད་ནང་རྒྱ་གཞུང་གིས་མེ་ཏོག་རྫོང་དུ་ཆུ་མཛོད་བརྒྱབ་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་སོགས་བོད་སྤྱིའི་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་ཡོད་སྟབས་རྒྱ་གཞུང་ནས་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་དགོས་པ། བོད་ནང་རྒྱ་གཞུང་གིས་ཞིང་འབྲོག་བོད་མི་རྣམས་བཙན་ཤེད་ཐོག་གནས་སྤོས་བྱེད་བཅུག་སྟེ་འཚོ་བ་ལ་གཏོར་སྐྱོན་གཏོང་བཞིན་ཡོད་པ། དེ་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས། རྒྱ་གཞུང་གིས་བོད་ནང་རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་འབྲུ་དོན་རྣམས་ལག་ལེན་བསྟར་གྱི་མེད་སྐོར། ཉེ་ཆར་སུད་སི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་བའི་སྐོར་སོགས་ཀྱི་དགོངས་ཚུལ་གསུངས་གནང་བ་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ཛ་དྲག་གི་དུས་སྐབས་སུ་རྒྱ་གར་ནང་དྲྭ་ལམ་དང་བརྙན་འཕྲིན་གསར་ལམ་ཁག་སོགས་བརྒྱུད་བོད་ཀྱི་གནད་དོན་སྔར་ལྷག་ཁྱབ་སྤེལ་གནང་ཐུབ་པར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་པའི་འབྲེལ་ཡོད་ཡོངས་ལ་བསྔགས་བརྗོད་ཞུས་གནང་སོང་།

ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་གཙོ་སྐྱོང་གནང་བའི་ཐོག  བཀའ་དྲུང་ཡིག་ཚང་གི་སྔོན་རྩིས་དང་འབྲེལ་བའི་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དཔལ་ལྡན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་ལ་དོགས་འདྲི་གནང་བར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། དམིགས་བསལ་སྔོན་རྩིས་གཏན་འབེབས་གནང་བ་དང་། དེ་ནས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་དྲུང་ཡིག་ཚང་གི་ཟུར་བཀོལ་སྔོན་རྩིས་དང་། ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་གནང་ཡོད་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ལས་དོན་ཚགས་ཚུད་གནང་བཞིན་ཡོད་པར་བསྔགས་བརྗོད་དང་། མ་འོངས་པར་ཁྲིམས་ཀྱི་སློབ་སྦྱོང་ཐོན་པ་དང་། བུད་མེད་འབུམ་རམས་པ་རྣམ་པར་གོ་སྐབས་སྤྲོད་གནང་ཡོང་བའི་འབོད་སྐུལ་དང་། བོད་དོན་དྲིལ་བསྒྲགས་སྔར་ལྷག་སྤེལ་དགོས་སྐོར། སྔོན་མ་བདེ་སྲུང་ཁྱབ་ཁོངས་བོད་གནས་ཉམས་ཞིབ་ཁང་ནས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་དང་། འགྲེམས་སྤེལ་གནང་གི་ཡོད་པ་ལྟར། མ་འོངས་པར་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་དེ་ལྟར་གནང་ཐུབ་ན་དགེ་མཚན་ཆེ་སྐོར་སོགས་ཀྱི་དགོངས་ཚུལ་གསུངས་གནང་ཡོད་པ་བཅས། །

 

 

Menu