བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཐའེ་ཝན་ནང་བོད་དོན་ཞུ་སྐུལ་སོགས་གཞུང་འབྲེལ་ལས་དོན་ཁག་ལེགས་པར་གྲུབ་པ།

ཐའེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥི་རེ་ཌི་ ལིམ་ (Freddy Lim, Member of the Legislative Yuan) མཆོག

༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ལས་ཐོག་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་ལས་གྲུབ་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༠ ནས་ ༡༧ བར་ཉིན་གྲངས་བརྒྱད་རིང་ཐའེ་ཝན་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་གནང་ཡོད།

ཐའེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྤི་རེ་ཌི་ ལིམ་མཆོག་དང་ལྷན་བོད་དོན་སྐོར་གོ་བསྡུར་གནང་སྐབས། 

དེ་ཡང་ཕྱི་ཚེས་ ༡༦ ཉིན་རྒྱབ་སྤྱི་འཐུས་རྣམ་པས་ཐའེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥི་རེ་ཌི་ ལིམ་ (Freddy Lim, Member of the Legislative Yuan) མཆོག་གི་ཡིག་ཚང་དུ་སྐུ་ཞབས་ཁོང་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐུ་ཞབས་ཁོང་སླར་ཡང་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་དང་། ཐའེ་ཝན་ནང་གི་མང་གཙོ་དང་རང་དབང་གི་གནས་སྟངས་སྐོར་ལ་བསྔགས་བརྗོད། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་དང་། མ་འོངས་པར་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་འབྲེལ། ཐའེ་ཝན་གྲོས་ཚོགས་ནང་སླར་ཡང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐབས་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་ཡོད་པ་དང་། སྐུ་ཞབས་ཧྥི་རེ་ཌི་མཆོག་གིས་ཁོང་ནི་དུས་རྒྱུན་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་དང་། བཞུགས་སྒར་རྡ་སར་ཕེབས་ནས་༧གོང་ས་མཆོག་མཇལ་འཕྲད་ཞུས་ཡོད་པ་སོགས་བོད་དོན་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་སྐོར་དང་། མ་འོངས་པར་སླར་ཡང་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་ཚང་མའི་མི་སྣ་ཚུད་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐབས་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས་གནང་ཡོད་འདུག

ཐའེ་ཝན་གྱི་སྲིད་བློན་གཞོན་པ་ཟུར་པ་དང་། ད་ལྟའི་ཐའེ་ཝན་སྲིད་འཛིན་ལྕམ་སྐུ་ཚའི་ཨིང་ཝིན་མཆོག་གི་སློབ་སྟོན་པ་རྒན་གྲས་ལྕམ་སྐུ་ཡེ་ ཅུན་མཆོག

དེ་ནས་ཐའེ་ཝན་གྱི་སྲིད་བློན་གཞོན་པ་ཟུར་པ་དང་། ད་ལྟའི་ཐའེ་ཝན་སྲིད་འཛིན་ལྕམ་སྐུ་ཚའི་ཨིང་ཝིན་ (Tsai Ing-Wen) མཆོག་གི་སློབ་སྟོན་པ་རྒན་པའི་གྲས་ཡིན་པ་ལྕམ་སྐུ་ཡེ་ གྲུ་ ལན་ (Yeh Chu-lan, Former Vice President of Executive Yuan of the Republic of China,Taiwan) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་སྤྱི་དང་། བྱེ་བྲག་ཏུ་རང་ལུས་མེར་སྲེག་དང་འབྲེལ་བའི་སྐོར་སོགས་གོ་བསྡུར་ལྷུག་པོ་གནང་རྗེས། ཁོང་གི་སྐུ་ཟླ་ཐའེ་ཝན་གྱི་སྨྲ་བརྗོད་རང་དབང་ཆེད་རང་ལུས་མེར་སྲེག་གཏོང་མཁན་སྐུ་ཞབས་ཁྲིན་ནང་ཇུན་ (Nylon Cheng Liberty Foundation and Memorial Museum) དྲན་གསོའི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་དང་། དེའི་ལོ་རྒྱུས་སྐོར་སྤྱི་འཐུས་རྣམ་པར་ངོ་སྤྲོད་ཞིབ་ཕྲ་ཞུས་གནང་ཡོད་འདུག

དེའི་དགོང་མོ་ཞི་བདེ་ཡུན་གནས་རོགས་ཟླ་ཚོགས་པའི་ (Permanent Peace Partnership, Perpetual Peace World Federation, Asia-Pacific Peace Association) འགན་འཛིན་དང་ལས་རོགས་རྣམས་ཀྱི་ལྷན་དུ་དགོང་མོའི་གསོལ་ཚིགས་དང་བསྟུན་ནས་ཞི་བདེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་ལ་གྲོས་བསྡུར་དང་དགོངས་ཚུལ་བརྗེ་རེས་གནང་ཡོད་འདུག

ཞི་བདེ་ཡུན་གནས་རོགས་ཟླ་ཚོགས་པའི་ (Permanent Peace Partnership) འགན་འཛིན་མཆོག

ཕྱི་ཚེས་ ༡༧ ཉིན་ཐའེ་ཝན་གྲོས་ཚོགས་འཐུས་མི་རྒན་གྲས་ལྕམ་སྐུ་མའེ་ཉུ་ཡུ་ (Mei-Nu-Yu,Mei-Nu-Yu,Member of the Legislative Yuan,Taiwan) མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་གིས་གྲོས་ཚོགས་འཐུས་མི་གནང་རྒྱུའི་དུས་ཡུན་མཐའ་མའི་ཕེབས་སྟོན་མཛད་སྒོར་སྤྱི་འཐུས་རྣམ་པ་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་བཅས་བཅར་ཡོད་པ་དང་། སྐབས་དེར་ཐའེ་ཝན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་དཔོན་རིགས་ཁག་དང་། ཨ་རི་དང་། ཁེ་ན་ཌ། འཇར་མི་ནི། ཕ་རན་སི། ཨིན་ཡུལ། ནེ་ཐར་ལེན་ཌི་སོགས་ཀྱི་གཞུང་ཚབ་མི་སྣ་སོགས་གནད་ཡོད་མི་སྣ་མང་དག་ཅིག་ཕེབས་ཡོད་འདུག་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ཁོང་གི་གསུང་བཤད་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད་འདུག དགོང་མོ་ཐའེ་ཝན་དོན་གཅོད་ལས་ཁུངས་ནས་སྤྱི་འཐུས་རྣམ་པར་ཕེབས་སྐྱེལ་གསོལ་སྟོན་བཤམས་རྗེས། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམ་པས་ཐའེ་ཝན་ནང་གི་བོད་དོན་ཞུ་སྐུལ་སོགས་གཞུང་འབྲེལ་ལས་དོན་རྣམས་ལེགས་པར་གྲུབ་ནས་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་ཕྱིར་རྒྱ་གར་དུ་ཕེབས་གནང་རྒྱུ་ཡིན་པ་བཅས། །

 

 

Menu