བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

ནི་ཐར་ལན་ཌི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེ་རམ་ ཝན་ ཨོ་ཇིག་མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཊི་ཇིན་ ཝེན་ ཧིལ་ཝར་ཊི་མཆོག་རྣམ་གཉིས།

༄༅། ། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་སྣེ་འཁྲིད་འོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག སྤྱི་འཐུས་བློ་བཟང་གྲགས་པ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༡ ནས་ ༢༤ བར་ཉིན་གྲངས་བཞིའི་རིང་ནི་ཐར་ལན་ཌི་རྒྱལ་ཁབ་ནང་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ། ས་གནས་བོད་རིགས་མི་མང་སོགས་མཇལ་འཕྲད་ཀྱིས་ལས་རིམ་ཁག་མཇུག་བསྒྲིལ་རྗེས། ཕ་རན་སི་དང་། སྦེལ་ཇམ། ནི་ཐར་ལན་ཌི་བཅས་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་བོད་དོན་ཞུ་སྐུལ་སོགས་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་གནང་སྟེ་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་ཡོད་འདུག

སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནི་ཐར་ལན་ཌི་གྲོང་ཁྱེར་ཨམ་སི་ཊར་ཌམ་ (Amsterdam) ལ་ཕེབས་འབྱོར་སྐབས་ས་གནས་སུ་སྣེ་ལེན་ཕེབས་བསུ་ཞུ་སྐབས།

དེ་ཡང་ཕྱི་ཚེས་ ༢༠ རེས་གཟའ་ལྷག་པའི་ཕྱི་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སྦེལ་ཇམ་རྒྱལ་ས་སྦར་སིལ་ (Brussels) ནས་ནི་ཐར་ལན་ཌི་གྲོང་ཁྱེར་ཨམ་སི་ཊར་ཌམ་ (Amsterdam) ལ་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༧།༤༤ ཙམ་ལ་ས་གནས་སུ་འབྱོར་བ་དང་། སྐབས་དེར་མེ་འཁོར་བབས་ཚུགས་སུ་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་དང་འབྲེལ་ལམ་ལས་འཆར་གྱི་འགན་འཛིན་ལྕམ་སྐུ་ཁི་རི་ས་ཊ་ མིན་ཌར་ས་མ་ (Christa Meindersma, Advocacy and Communication Director, ICT Europe) ལགས་ཀྱིས་གཙོས་རྒྱུན་ལས་རྣམ་པ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དབང་ཕྱུག་ལགས་ཀྱིས་གཙོས་རྒྱུན་ལས་རྣམ་པ།  ས་གནས་བོད་མི་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་གནང་འདུག

ནི་ཐར་ལན་ཌི་གྲོས་ཚོགས་ཕྱི་སྲིད་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་ལྷན་བགྲོ་གླེང་སྐབས།

ཕྱི་ཚེས་ ༢༡ ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་གྲོང་ཁྱེར་ཧེག་ (Hague) ལ་ཕེབས་ཐོན་གྱིས་ནི་ཐར་ལན་ཌི་གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་བགྲོ་གླེང་ལྷུགས་པོ་གནང་ཡོད་ཅིང་། སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེ་རམ་ ཝན་ ཨོ་ཇིག་ (Bram Van Ojik,Member of the House of Representatives,Netherlands) མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད་འདུག་པ་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཊི་ཇིན་ ཝེན་ ཧིལ་ཝར་ཊི་ (Martijn Van Helvert, Member of the House of Representatives,Netherlands) མཆོག་ཀྱང་བགྲོ་གླེང་ཐོག་མཉམ་ཞུགས་ཀྱིས་བོད་དོན་ཐད་ཐུགས་འཁུར་དང་མ་འོངས་པར་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག བགྲོ་གླེང་ཐོག་སྤྱི་འཐུས་རྣམ་པས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་རེ་རེ་བཞིན་སྙན་གསན་དང་། ཚོགས་བཅར་བའི་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ (Amnesty International) ཚོགས་མི་རྣམས་དང་ལྷན་བོད་དོན་བགྲོ་གླེང་གནང་སྐབས།

ཕྱི་དྲོ་ཆུ་ཚོད་ ༢།༣༠ ཙམ་ལ་སྤྱི་འཐུས་རྣམ་པས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ (Amnesty International) ཚོགས་མི་ལས་བྱེད་སོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་འགྲེལ་བརྗོད་དང་། གཞན་ཡང་སྤྱི་འཐུས་རྣམ་པས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་བོད་དོན་སྐོར་ཉམས་ཞིབ་གནང་གལ་ཆེ་བ་དང་། དེ་སྔར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་བོད་དོན་དྲིལ་བསྒྲགས་ཐད་སྣང་ཆུང་བཏང་ཡོད་པའི་ཚོར་སྣང་བྱུང་ཚུལ་དང་། བོད་ཀྱི་གནད་དོན་འདི་ཧོང་ཀོང་དང་ཡུ་གུར་གྱི་གནད་དོན་དང་གཅིག་མཚུངས་ཀྱི་གལ་ཆེན་པོ་ཡིན་པས། བོད་ཀྱི་གནད་དོན་ཐད་ཐུགས་སྣང་དང་ཉམས་ཞིབ་མང་ཙམ་གནང་དགོས་སྐོར་གསུངས་གནང་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ཀྱང་མ་འོངས་པར་བོད་ཀྱི་གནས་སྟངས་སྐོར་སྔར་ལྷག་ཐུགས་སྣང་གནང་རྒྱུ་ཡིན་སྐོར་གསུངས་གནང་འདུག

ནི་ཐར་ལན་ཌི་ལྗང་ཁུ་ཚོགས་པའི་ན་གཞོན་ཆབ་སྲིད་ཚོགས་ཆུང་གི་ཚོགས་མི་རྣམས་ལ་བོད་དོན་སྐོར་ངོ་སྤྲོད་གནང་སྐབས།

དགོང་མོ་ཆུ་ཚོད་ ༨།༠༠ ཙམ་ལ་ལྗང་ཁུ་ཚོགས་པའི་ན་གཞོན་ཆབ་སྲིད་ཚོགས་ཆུང་ (DWARS,Groen Links Dutch Political Youth Organisation,Utrecht) གི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་གནང་ཡོད་ཅིང་། སྐབས་དེར་སྤྱི་འཐུས་རྣམ་པས་ཚོགས་བཅར་བ་སློབ་ཕྲུག་རྣམས་ལ་བོད་དོན་སྐོར་ངོ་སྤྲོད་དང་། ཁོང་རྣམ་པའི་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་འདུག ཚོགས་འདུ་དེ་བཞིན་བོད་རིགས་ན་གཞོན་བུ་མོ་ཀུན་གསལ་རྡོ་རྗེ་ལགས་ཀྱིས་གཙོ་སྐྱོང་གནང་འདུག་པ་དང་། ཁོང་གི་ཡབ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་གཙོས་ནང་མི་རྣམ་པས་བོད་ཀྱི་སྲོལ་རྒྱུན་འགྲོ་ལུགས་ལྟར་ཚོགས་འདུ་གྲ་སྒྲིག་གནང་ཡོད་འདུག

བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཁག་ཅིག་དང་ལྷན་བགྲོ་གླེང་ཚོགས་འདུ་འཚོགས་སྐབས།

ཕྱི་ཚེས་ ༢༢ ཉིན་སྔ་དྲོ་གྲོང་ཁྱེར་ཧེག་ལ་སྤྱི་འཐུས་རྣམ་པས་ནི་ཐར་ལན་ཌི་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཡོད་འདུག

ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལྷན།

ཕྱི་ཚེས་ ༢༣ ཉིན་ཕྱི་དྲོ་ཆུ་ཚོད་ ༢།༠༠ ཙམ་ལ་སྤྱི་འཐུས་རྣམ་པས་ཡུ་རོབ་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་ཁོང་རྣམ་པས་ད་བར་བོད་དོན་ཐད་རྒྱབ་སྐྱོར་དང་མཐུན་སྦྱོར་གནང་བར་ཡི་རངས་བསྔགས་བརྗོད་དང་། མུ་མཐུད་བོད་དོན་ཐད་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས་འདུག ཕྱི་དྲོ་ཆུ་ཚོད་ ༣།༠༠ ཙམ་ལ་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་དོན་རྒྱབ་སྐྱོར་བ་དང་ཚོགས་མི། བོད་རིགས་བཅས་ཚོགས་བཅར་བ་མི་གྲངས་བརྒྱ་སྐོར་ཞིག་དང་ལྷན། བོད་ཀྱི་གནད་དོན་གལ་ཆེ་ཡིན་སྐོར་ཐད་བགྲོ་གླེང་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པས་བོད་དོན་སྐོར་ངོ་སྤྲོད་དང་། ཚོགས་བཅར་བའི་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད། གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བཅས་གནང་ཡོད་པ་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་དང་། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་དང་འབྲེལ་ལམ་ལས་འཆར་གྱི་འགན་འཛིན་ལྕམ་སྐུ་ཁི་རི་ས་ཊ་ མིན་ཌར་ས་མ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད་འདུག

སྤྱི་འཐུས་རྣམ་པས་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་སྐབས།

ཕྱི་ཚེས་ ༢༤ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་སྤྱི་འཐུས་རྣམ་པས་ས་གནས་སུ་ཡོད་པའི་གཟའ་མཇུག་སློབ་གྲྭར་གཟིགས་བསྐོར་དང་། དེ་ནས་ས་གནས་སུ་གནས་སྡོད་བོད་མི་རྣམས་དང་མཇལ་འཕྲད་གནང་སྟེ། སྤྱི་འཐུས་རྣམ་པས་བརྗོད་གཞི་ཆ་བགོས་གནང་བ་ལྟར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་མཛད་འཕྲིན་སྐོར་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་དེའི་ལས་དོན་སྐོར། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། སྤྱི་འཐུས་བློ་བཟང་གྲགས་པ་མཆོག་གིས་རྒྱལ་སྤྱིའི་ཐོག་བོད་དང་འབྲེལ་བའི་གནས་སྟངས་སྐོར་བཅས་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དབང་ཕྱུག་ལགས་ཀྱིས་ས་གནས་ཀྱི་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག

ས་གནས་སུ་ཡོད་པའི་གཟའ་མཇུག་སློབ་གྲྭར་གཟིགས་བསྐོར་ཕེབས་སྐབས།

ཐེངས་འདིར་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་སྣེ་འཁྲིད་འོག་སྤྱི་འཐུས་བཞི་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ ནས་འགོ་འཛུགས་ཏེ། ཕ་རན་སི་དང་། སྦེལ་ཇམ། ནི་ཐར་ལན་ཌི་བཅས་ཡུ་རོབ་རྒྱལ་ཁབ་གསུམ་ལ་ཆེད་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་བརྩམས་གནང་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

སྤྱི་འཐུས་རྣམ་པ་འཛམ་གླིང་ཞི་བདེ་ཁང་ཆེན་ལ་གཟིགས་བསྐོར་ཕེབས་སྐབས།

སྤྱི་འཐུས་རྣམ་པ་ཕྱོགས་ཕེབས་ཀྱི་བརྒྱུད་རིམ་ཡོངས་རྫོགས་ལ་སྦར་སིལ་དོན་གཅོད་ཁང་གི་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་ལྷན་བཅར་གྱིས་ཕྱག་རོགས་འཐུས་ཚང་དང་། པེ་རི་སི་གནས་སྡོད་སྦར་སིལ་དོན་ཁང་གི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས་ཀྱིས་ས་གནས་ས་ཐོག་ཏུ་ཕྱག་རོགས་འཐུས་ཚང་བཅས་གནང་འདུག དེ་བཞིན་གཙོ་བོ་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་གཙོས་ཚོགས་མི་རྣམ་པས་ལས་རིམ་གོ་སྒྲིག་གིས་གཙོས་མཐུན་སྦྱོར་ཡོངས་རྫོགས་གནང་ཡོད་འདུག་པ་བཅས། །

ས་གནས་སུ་ཡོད་པའི་གཟའ་མཇུག་སློབ་གྲྭར་གཟིགས་བསྐོར་ཕེབས་སྐབས།

སྤྱི་འཐུས་རྣམ་པས་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་རྗེས་མི་མང་ལྷན་བསྒྲོན་པའི་པར། 

ནི་ཐར་ལན་ཌི་ལྗང་ཁུ་ཚོགས་པའི་ན་གཞོན་ཆབ་སྲིད་ཚོགས་ཆུང་གི་ཚོགས་མི་རྣམས་ལ་བོད་དོན་སྐོར་ངོ་སྤྲོད་གནང་སྐབས།

བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཁག་ཅིག་དང་ལྷན་བགྲོ་གླེང་ཚོགས་འདུ་འཚོགས་སྐབས།

བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཁག་ཅིག་དང་ལྷན་བགྲོ་གླེང་ཚོགས་འདུ་འཚོགས་སྐབས།