བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་གནས་ཚུལ་།

img_4978

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཉིན་གཉིས་པ་ཚོགས་ཡོད་པ་རེད། ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་གནང་སྟེ། སྐར་རྟགས་ཅན་གྱི་དྲི་བར་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ལན་འདེབས་གནང་བ་དང་། དེར་སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་གནང་བར་ཡང་ལན་འདེབས་གསལ་བཤད་གནང་།

དེ་ནས་དཔལ་ལྡན་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་མཆོག་ནས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་ནས་སྙན་སྒྲོན་གནང་སྟེ། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལྷུག་པོར་གནང་།

དེ་ནས་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་ལོ་ ༢༠༡༥་་་་་ ༢༠༡༦ ལོའི་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་རྒྱ་རིགས་ཐར་མཆོག་ནས་སྙན་སྒྲོན་གནང་།

དེ་ཉིན་གྱི་ཚོགས་དུས་སྐབས་སུ་བདག་ཉིད་ཆེན་པོ་དམ་པ་གྷན་རྡི་མཆོག་གི་སྐུ་ཚ་སྐུ་ཞབས་ Vivan Gandhi མཆོག་དང་། Ms, Kasturi Gandhi མཆོག་རྣམ་གཉིས་སྐུ་མགྲོན་དུ་ཕེབས་གནང་མཛད་ནས་ཁོང་གཉིས་ལ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གྲོས་ཚོགས་ཀྱི་ཆེ་མཐོང་གི་མཚམས་འདྲི་ཞུས་གནང་། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཆུ་ཚོད་གཅིག་ལྷག་ཁོང་གཉིས་ལ་བོད་པའི་འཐབ་རྩོད་ཀྱི་གནས་བབ་ཐོག་ངོ་སྤྲོད་ཞུ་གནང་ཡོད་པ་རེད།

Menu