བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕ་རན་སི་རྒྱལ་ས་པེ་རི་སི་ནང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་གྷུ་ལ་མི་ ཨར་ནིལ་ (Senator Guillaume Arnell,French Senate) མཆོག

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས་ཉིན་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་སྣེ་འཁྲིད་འོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག སྤྱི་འཐུས་བློ་བཟང་གྲགས་པ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཨ་བྷོ་རྡ་པི་ (Abu dhabi) བརྒྱུད་ཕ་རན་སིའི་རྒྱལ་ས་པེ་རི་སི་ (Paris) ལ་ཕེབས་ཐོན་གྱིས། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་པེ་རི་སི་གནམ་ཐང་དུ་ཕེབས་འབྱོར་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས་དང་། སྦར་སིལ་དོན་གཅོད་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྒན་བསྟན་འཛིན་སྤེན་པ་ལགས། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ལི་ཐང་མོ་ལ་སྐལ་བཟང་ལགས་དང་། ངག་དབང་བློ་བཟང་ལགས་ཀྱིས་གཙོས་རྒྱུན་ལས་རྣམ་པས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མའོ་རེ་སི་ ཨན་ཊི་སི་ཊི་ (Senator Maurice Antiste,French Senate) མཆོག

དེ་ཡང་ཕྱི་ཚེས་ ༡༧ ཉིན་རྒྱབ་ཕྱག་ཚོད་ ༡ པོ་ནས་ ༣།༣༠ བར་སྤྱི་འཐུས་རྣམ་པས་ས་གནས་བོད་རིགས་རྣམས་དང་མཇལ་འཕྲད་ཀྱིས་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཞིང་། སྐབས་དེར་ཐོག་མར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ས་གནས་ཀྱི་གནས་སྟངས་དང་། ཚོགས་པའི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་གནང་རྗེས།

སྤྱི་འཐུས་རྣམ་པས་བརྗོད་གཞི་ཆ་བགོས་གནང་བ་ལྟར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་མཛད་འཕྲིན་སྐོར་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་དེའི་ལས་དོན་སྐོར། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། སྤྱི་འཐུས་བློ་བཟང་གྲགས་པ་མཆོག་གིས་རྒྱལ་སྤྱིའི་ཐོག་བོད་དང་འབྲེལ་བའི་གནས་སྟངས་སྐོར་བཅས་གསུང་བཤད་དང་། མི་མང་ནས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་འདུག་པ་མ་ཟད། བོད་དོན་བདེན་མཐའ་གསལ་ཆེད་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེ་ཡིན་པས་བོད་མི་ཡོད་དོ་ཅོག་གིས་རང་འགན་རང་འཁུར་ཐོག་བོད་མི་ནང་ཁུལ་ཆིག་སྒྲིལ་ཡོང་བར་འབད་བརྩོན་བྱེད་གལ་ཡིན་སྐོར་དང་། སོ་སོའི་གནས་སྡོད་ས་གནས་ཁག་གི་མི་མང་དང་། དཔོན་རིགས་བཅས་ཀྱི་ལྷན་མཐུན་ལམ་གང་ཐུབ་ཀྱིས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་ཡོང་བར་ཞུ་སྐུལ་དང་འགྲེལ་བརྗོད་ཀྱིས་གཙོས་ཕྱག་ལས་གང་ཐུབ་གནང་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་ཞུས་གནང་ཡོད་འདུག

ཉིན་རྒྱབ་ཕྱག་ཚོད་ ༤ པ་ནས་ ༥།༣༠ བར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་ཁོང་རྣམ་པས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་རྐྱེན་སྦྱོར་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་དང་ཡི་རངས་བསྔགས་བརྗོད་ཞུས་པ་དང་སྦྲགས། ད་ལྟའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འོག བོད་ནང་གི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། ཁོར་ཡུག་བཅས་ཇི་ལྟར་ཛ་དྲག་ཆགས་ཡོད་མེད་སྐོར་སོགས་འགྲེལ་བརྗོད་ཞུས་གནང་ཡོད་པ་དང་། དེ་བཞིན་བོད་ནང་གི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཀྱི་གནས་སྟངས། རྒྱ་ནག་གི་མི་སེར་སྤེལ་རྒྱུའི་སྲིད་བྱུས་སོགས་བོད་དོན་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་ཀྱང་མུ་མཐུད་བོད་དོན་ཐད་ཕྱག་ལས་སྔར་ལྷག་གནང་རྒྱུ་ཡིན་སྐོར་གསུངས་གནང་འདུག

ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པས་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མའོ་རེ་སི་ ཨན་ཊི་སི་ཊི་ (Senator Maurice Antiste,French Senate) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་གྷུ་ལ་མི་ ཨར་ནིལ་ (Senator Guillaume Arnell,French Senate) མཆོག་སོགས་དང་ལྷན་མཇལ་འཕྲད་ཀྱིས་ཕ་རན་སི་གྲོས་ཚོགས་འཐུས་མི་མང་པོས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་དང་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང་། མ་འོངས་པར་བོད་དོན་ཐད་རྒྱབ་སྐྱོར་ཇི་ལྟར་གནང་དགོས་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་དང་ཁོང་ལ་གུས་བརྩེ་ཆེན་པོ་ཡོད་ཅེས་གསུངས་གནང་འདུག་པ་མ་ཟད། མུ་མཐུད་རང་ནུས་གང་ལྕོགས་ཀྱིས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

དེ་རྗེས་སྔ་དྲོ་ཕྱག་ཚོད་ ༩ པ་ཙམ་ལ་སྤྱི་འཐུས་རྣམ་པ་ཆེད་མངགས་ཕ་རན་སི་ཤིང་ནགས་ནང་གནས་སྡོད་བྱེད་བཞིན་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་དང་མཇལ་འཕྲད་ཀྱིས་གནས་སྟངས་གཟིགས་ཞིབ་དང་།

ཁོང་རྣམ་པའི་བདེ་སྡུག་ཁག་ལ་རྒྱུས་ལོན་གནང་ཡོད་འདུག་པ་མ་ཟད། ཁོང་རྣམ་པས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་དང་གསལ་བཤད་ཞུས་གནང་ཡོད་འདུག ཉིན་རྒྱབ་ཕྱག་ཚོད་ ༣།༣༠ ཙམ་ལ་ཕ་རན་སི་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་ཡོད་པ་བཅས། །