༄༅། །སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་ཁག་ལ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༡༡ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་བྷི་རི་སི་བྷེན་ནས་མཁའ་ལམ་བརྒྱུད་མེལ་བྷོན་གྲོང་ཁྱེར་ (Melbourne) ལ་ཕེབས་ཐོན་གྱིས་མེལ་བྷོན་གནམ་ཐང་དུ་འབྱོར་སྐབས། མེལ་བྷོན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རིན་ཆེན་ནོར་བུ་ལགས་ཀྱིས་གཙོས་པའི་རྒྱུན་ལས་ཁག་ཅིག་དང་། ས་གནས་མི་མང་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག
དེ་རྗེས་ཡ་རཱ་ཝིལ་ཚོགས་ཁང་དུ་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་སྤྱི་འཐུས་རྣམ་པས་བརྗོད་གཞི་ཆ་བགོས་གནང་བ་ལྟར། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབྱུང་རིམ་སྐོར་ངོ་སྤྲོད་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་༧གོང་ས་མཆོག་གི་མཛད་འཕྲིན་སྐོར། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་དང་། མི་མང་གིས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
དེ་ཡང་ཕྱི་ཚེས་ ༡༠ ཉིན་ཝིག་ཊོ་རི་ཡའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག བོད་ཀྱི་གཡག་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་ཧེལ་ ཡཱང་ (Hal Young,Co-chair and Treasurer at Australia Tibet Council) ལགས་ཀྱིས་གཙོས་པའི་ལོ་མང་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོགས་མི་ཁག་ཅིག་དང་ལྷན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་གནས་སྟངས། མ་འོངས་པར་བོད་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཆུ་ཚོད་ ༢ ལྷག་གནང་ཡོད་འདུག
དེ་རྗེས་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་དང་། ཝིག་ཊོ་རི་ཡ་བོད་རྒྱ་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་བཞི་དང་། མེལ་བྷོན་གྲོང་ཁྱེར་དུ་གནས་སྡོད་རྒྱ་རིགས་ཝིག་ཊོ་རི་ཡ་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པ། བོད་རྒྱ་དམངས་ཁྲོད་འབྲེལ་ལམ་སྐུལ་སྤེལ་ཚོགས་པ་གཉིས་ཀྱི་ཚོགས་མི། ཧོང་ཀོང་གི་འཐུས་ཚབ་བཅས་ཚོགས་མི་ ༢༠ ཙམ་ལྷན་བོད་ཀྱི་གནས་སྟངས་དང་། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ད་ལྟའི་གནས་བབ། མ་འོངས་པར་དབུ་མའི་ལམ་གྱི་མདུན་ལམ་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་ཆུ་ཚོད་ ༣ ལྷག་གནང་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་ཨོ་སི་ཀྲོ་ལི་ཡའི་གྲགས་ཅན་གསར་ཁང་ཨེ་བྷི་སི་ (ABC) གི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་ཡོད་འདུག
མེལ་བྷོན་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་སཱེམ་ ཧིབ་བྷན་ས་མཆོག
ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ལྷན་སྐུ་ཚབ་ཚོགས་ཆུང་ནས་མེལ་བྷོན་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་སཱེམ་ ཧིབ་བྷན་ས་ (Sam Hibbins,Member of the Victorian Legislative Assembly) མཆོག་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་མེལ་བྷོན་གནས་སྡོད་ས་གནས་བོད་རིགས་མི་མང་ཚོར་བོད་པའི་དུས་ཆེན་ཁག་བཞི་ལ་ཚོགས་ཁང་རིན་མེད་གཡར་བཞིན་ཡོད་པ་མ་ཟད། རྗེས་སུ་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་འདུག
སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མེལ་བྷོན་གྲོང་ཁྱེར་ཁུལ་གྱི་ལས་རིམ་མཇུག་བསྒྲིལ་རྗེས། མེལ་བྷོན་ནས་མཁའ་ལམ་བརྒྱུད་ཨོ་གླིང་རྒྱལ་ས་ཀེན་བྷེ་ར་ (Canberra) ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །