བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བརྒྱད་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པའི་ལས་རིམ་ཐོག ༡) བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞིའི་དོན་ཚན་བདུན་པ། སྨན་བཅོས་ཐོབ་ཐང་ཞེས་པའི་ནང་གསེས་ ༤ པའི་ “ཅ” དང་། “ཆ” དང་། ༢) བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ཕོགས་ཐོབ་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞིའི་དོན་ཚན་བདུན་པ། སྨན་བཅོས་ཐོབ་ཐང་ཞེས་པའི་ནང་གསེས་ ༤ པའི་ “ཅ” དང་། “ཆ”  ༣) བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞིའི་དོན་ཚན་ལྔ་པ། སྨན་བཅོས་ཐོབ་ཐང་ཞེས་པའི་ནང་གསེས་ ༤ པའི་ “ཅ” དང་། “ཆ” ༤) དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞིའི་དོན་ཚན་བདུན་པ། སྨན་བཅོས་ཐོབ་ཐང་ཞེས་པའི་ནང་གསེས་ ༤ པའི་ “ཅ” དང་། “ཆ”  ༥) འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞིའི་དོན་ཚན་བདུན་པ། སྨན་བཅོས་ཐོབ་ཐང་ཞེས་པའི་ནང་གསེས་ ༤ པའི་ “ཅ” དང་། “ཆ”  ༦) བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞིའི་དོན་ཚན་བདུན་པ། སྨན་བཅོས་ཐོབ་ཐང་ཞེས་པའི་ནང་གསེས་ ༤ པའི་ “ཅ” དང་། “ཆ” བཅས་ཀྱི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་སོང་།

དེ་ནས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། སྤྱི་འཐུས་རྣམ་པས་དྲི་བ་གནང་བར། དཔལ་ལྡན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་རྗེས་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ནས་དགོངས་ཤོག་ཁག་སྙན་སྒྲོན་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་ཞུས་གནང་ཡོད། གནངས་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མུ་མཐུད་དེ་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །

 

 

 

Menu