བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དང་པོའི་གནས་ཚུལ་།

cd3_5646

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དབུས་སྤྱི་འཐུས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་ཕེབས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ། ཟུར་ཉན་པ་གཞན་ཁག་བཅས་ཕེབས་ཡོད་པ་རེད། ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་གྲུབ་བསྟུན་ཚོགས་བཅར་བ་རྣམས་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དཔལ་ལྡན་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་དང་། (གསུང་བཤད་ཆ་ཚང་རྗེས་སུ་འགོད་འདོན་ཞུ་རྒྱུ།) ཚོགས་གཙོ་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་བཞག དེ་རྗེས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་ ཉེ་སྔོན་སྐུ་ཚེ་མ་ཟིན་པའི་བོད་མི་མང་སྤྱི་འཐུས་ཟུར་པ་བསྟན་འཛིན་མགོན་པོ་མཆོག་དམ་པ་དེར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་བཏོན་ཏེ་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་པ་ལ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་བཞིན་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་འབྲེལ་བའི་ཐོག་བགྲོ་གླེང་ལྷུག་པོར་གནང་ཡོད་པ་རེད།

cd3_5649 cd3_5648

གྲོས་ཚོགས་ཚོགས་དུས་འདིར་སྤྱི་འཐུས་གཅིག་ལ་ནང་མིར་ཛ་དྲག་སྐུ་ངལ་འཕྲད་དེ་ཚོགས་དུས་ཆ་ཚང་དགོངས་ཞུ་གནང་དགོས་བྱུང་ཡོད་པ་དང་། སྤྱི་འཐུས་གཅིག་ཆོས་ཕྱོགས་ཀྱི་གལ་ཆེའི་མཛད་དོན་ཆེད་ཕྱི་ཚེས་ ༢༤ བར་དགོངས་ཞུ། སྤྱི་འཐུས་གཞན་གཉིས་གྲོས་ཚོགས་ཀྱི་ཉིན་དང་པོ་བཅས་སུ་དགོངས་ཞུ་གནང་ཡོད་པ་ལས་དེ་མིན་སྤྱི་འཐུས་རྣམ་པ་ཚང་མ་ཚོགས་བཅར་གནང་ཡོད་པ་རེད།

སང་ཉིན་ནས་གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་བ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་གྱི་ལས་དོན་ཐོག་གཏོང་གནང་རྒྱུ་ཡིན་པ་རེད། ལས་བསྡོམས་ཞིབ་བཤེར་གྱི་ལས་རིམ་ཁག་གི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཆོས་རིག ཤེས་ཡོན། སྤྱི་ཚོགས་བདེ་དོན་སོགས་གནད་དོན་ཡོངས་ཀྱི་ཐོག་ཞིབ་བཤེར་གནང་སྟེ་དྲི་བ་དྲིས་ལན་དང་། གསལ་བཤད་བཅས་གནང་གི་ཡོད་སྟབས་ལས་རིམ་འདི་དག་ལ་ཐུགས་སྣང་ཆེན་པོས་གཟིགས་ཞིབ་གནང་ཐུབ་ཚེ་ནམ་རྒྱུན་རང་རང་སོ་སོ་དོགས་གཞིའི་ནང་ཡོད་པའི་གནད་དོན་མང་པོ་ཞིག་གསལ་པོ་ཆགས་ཐུབ་པའི་དགེ་མཚན་མ་ཟད། ཡང་དག་པའི་མང་གཙོའི་ལམ་ལུགས་སམ་རིང་ལུགས་ཀྱི་ཁྱད་ཆོས་ཏེ་མང་ཚོགས་ཀྱིས་སྒྲིག་འཛུགས་ལ་དབང་ཇི་ལྟར་སྒྱུར་བའི་ཚུལ་དངོས་སུ་མྱོང་ཚོར་བྱ་ནུས་པས་ཀུན་གྱིས་འགན་འཁུར་མཉམ་ལེན་གྱི་ཐུགས་སྣང་ཆེན་པོ་གནང་གལ་ཆེ་བ་ལགས་སོ།།

cd3_5652