བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་ལྔ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་ལྔ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ལས་ཉིན་སྔོན་མའི་ལས་རིམ་འཕྲོས་མུ་མཐུད་དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨་་་༢༠༡༩ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་བློ་བཟང་གྲགས་པ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་།

དེར་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་རྒྱབ་སྐྱོར་གནང་ཡོད། དེ་བཞིན་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་གྲུབ་མཚམས། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་འགོ་འཛུགས་ཡོད་པ་དང་། སང་སྔ་དྲོ་མུ་མཐུད་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན།

ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་དང་། དམིགས་བསལ་ལས་འཆར་འགན་འཛིན་ལྕམ་སྐུ་ལི་ས་ལི་ རི་ཇི་ (Lesley Rich,Director of Special Programs,ICT) ལགས་རྣམ་གཉིས་ཀྱིས་གཙོས་ཚོགས་པའི་ཚོགས་མི་ ༩ བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་ཐོག་ཕྱག་ལས་དོན་སྨིན་ལྡན་པ་གནང་དང་གནང་བཞིན་པར་བསྔགས་བརྗོད་དང་། དེ་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སྙིང་བསྡུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། སྤྱི་འཐུས་རྒྱུན་ལས་དང་རྒྱུན་ལས་ཀྱི་སྡེ་ཚན་གསུམ་སྟེ། རྒྱུན་འབྲེལ་སྡེ་ཚན་དང་། ཆབ་སྲིད་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་བཅས་ཀྱི་ལས་དོན་ཁག་ངོ་སྤྲོད། ད་ལྟ་འཚོགས་བཞིན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐོར།

སྤྱི་འཐུས་རྣམ་པ་ཆ་བགོས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ཏེ། གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་སྐོར། ཉེ་ཆར་ལཊ་ཝི་ཡའི་རྒྱལ་ས་རི་གར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་སྐོར་དང་། ཚོགས་ཆེན་ཐོག་བཞག་པའི་རི་ག་སྤྱི་བསྒྲགས་ (Riga Declaration) དང་། རི་ག་ལག་བསྟར་འཆར་གཞི་ (Riga Action Plan) བཅས་ཀྱི་སྐོར་སོགས་གསུངས་གནང་བ་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཅིག་ཕུལ་གནང་རྗེས། ཁོང་རྣམས་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་གནང་བ་དང་། གྲོས་ཚོགས་ནས་ཁོང་རྣམས་ལ་འཚམས་འདྲི་ཞུས་གནང་སོང་།

དེ་རྗེས་ཆུ་ཚོད་ ༤།༠༠ ཙམ་ལ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་རྒྱ་གར་ས་མྗ་ཝ་ཏི་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཨར་ ཨེས་ ཡ་ཌེབ་ (R.S Yadav,Spokesperson of Samajwadi Party) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་སོགས་ངོ་སྤྲོད་དང་། ས་མྗ་ཝ་ཏི་སྲིད་དོན་ཚོགས་པ་དང་། ཚོགས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པར་མུ་མཐུད་ས་མྗ་ཝ་ཏི་སྲིད་དོན་ཚོགས་པ་དང་། གྲོས་ཚོགས་འཐུས་མི་རྣམ་པས་སྔར་བཞིན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བ་དང་།

དེ་བཞིན་སྐུ་ཞབས་ ཨར་ ཨེས་ ཡ་ཌེབ་མཆོག་གིས་འབྱུང་འགྱུར་རྒྱ་གར་རྒྱལ་ས་ལྡི་ལིར་ས་མྗ་ཝ་ཏི་སྲིད་དོན་ཚོགས་པ་ཐོག་མར་འཛུགས་མཁན་སྐུ་ཞབས་ (Dr.Ram Manohar Lohia)  དམ་པ་མཆོག་གི་ “བོད་དོན་ཐོག་རྒྱབ་སྐྱོར་ཇི་ལྟར་གནང་ཕྱོགས་ཀྱི་དགོངས་ཚུལ་” ཐོག་བགྲོ་གླེང་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་སྐོར་སོགས་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཅིག་ཕུལ་གནང་སོང་། དེ་ནས་སྐུ་ཞབས་ཁོང་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་པ་དང་།  གྲོས་ཚོགས་ནས་ཁོང་ལ་འཚམས་འདྲི་ཞུས་གནང་སོང་བ་བཅས། །

Menu