བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོའི་ལས་རིམ་ཐོག་མ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་འདེམས་ཐོག བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ (༡) དགོངས་དོན། “ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” ཞེས་པའི་ཆ་རྐྱེན་འོག ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཕུན་རབ་བློ་བཟང་དར་རྒྱས་མཆོག་དང་། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། སུད་སི་སྐུ་ཚབ་དོན་ཟུར་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་ཐོག་འོས་གཞིར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། སུད་སི་སྐུ་ཚབ་དོན་ཟུར་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་འོས་གྲངས་ ༣༠ དང་། སུད་སི་སྐུ་ཚབ་དོན་ཟུར་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ལ་འོས་གྲངས་ ༨ ཐོབ་པ་དང་། འོས་གྲངས་ ༡ རྩིས་མེད་དང་། ༣ སྟོང་པ་བྱུང་བ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་མང་མོས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད་པ་དང་།

དེ་བཞིན་ཁྲིམས་ཞིབ་པ་གཞན་གཅིག་གི་འོས་འདེམས་ཐོག གོང་གསལ་འདེམས་སྒྲུག་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་དང་། རྩིས་ཞིབ་ལས་ཁང་གི་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་ཐོག་འོས་གཞིར་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་དང་། རྩིས་ཞིབ་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ལ་འོས་གྲངས་ ༢༨ དང་། རྩིས་ཞིབ་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་ལ་འོས་གྲངས་ ༡༡ ཐོབ་པ་དང་། འོས་གྲངས་ ༢ རྩིས་མེད་དང་། ༡ སྟོང་པ་བྱུང་བ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་མང་མོས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ལ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།

དེ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པ། དོན་ཚན་ ༩༧ ནང་གསེས་ ༡ པོའི་ (ཀ) དགོངས་དོན། “དབུས་འོས་བསྡུ་ལས་ཁང་ལ་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། དེ་མིན་ལས་བྱ་ཇི་དགོས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་གོ་བསྡུར་དང་འབྲེལ་བཀའ་ཤག་ནས་སྐབས་སོ་སོར་བསྐོ་གཞག་བྱེད་ཆོག་པ་ཡིན།” ཞེས་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་ ༡༠༡ ནང་གསེས་ (༡) དགོངས་དོན། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” ཞེས་པའི་ཆ་རྐྱེན་འོག བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་མཆོག ལས་བྱེད་འདེམས་ལྷན་ཚོགས་མི་ཟུར་པ་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་དུས་ཚེ་རིང་ལགས་དང་། ཁྲིམས་དྲུང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་ཐོག་འོས་གཞིར་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་དུས་ཚེ་རིང་ལགས་དང་། ཁྲིམས་དྲུང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་དུས་ཚེ་རིང་ལགས་ལ་འོས་གྲངས་ ༢༣ དང་། ཁྲིམས་དྲུང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ལ་འོས་གྲངས་ ༡༨ ཐོབ་པ་དང་། འོས་གྲངས་ ༡ རྩིས་མེད་བྱུང་བ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་དུས་ཚེ་རིང་ལགས་མང་མོས་ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་ལ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།

དེ་རྗེས་ལས་ཉིན་སྔོན་མའི་ལས་རིམ་འཕྲོས་མུ་མཐུད་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་ཁྱོན་བཀུར་འོས་སྤྱི་འཐུས་ ༢༨ ཀྱིས་ཆ་ཤས་ལེན་གནང་ཡོད་པ་དང་། སང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༡༨་་་༡༩ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་ཐོག་འགྲོ་རྒྱུ་ཡིན་པ་བཅས། །

 

 

 

Menu