བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།


༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བརྒྱད་པ་ཚོགས་གནང་ཡོད།

དེ་ཡང་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། ལས་དོན་དང་འབྲེལ་བའི་དྲི་བ་བཏང་གནང་བ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ལན་འདེབས་གསལ་བཤད་དང་། རྩིས་དང་འབྲེལ་བའི་དྲི་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་རིང་གི་ལས་རིམ་གཉིས་པར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསལ་བཤད་གནང་ཡོད་པ་དང་།

དེའི་ཐོག་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་རྒྱབ་སྐྱོར་གནང་ཡོད་པ་དང་། བགྲོ་གླེང་དགོས་པའི་གྲོས་འཆར་ཚུད་གནང་རྗེས། བགྲོ་གླེང་ལས་རིམ་རྗེས་མའི་ནང་གནང་རྒྱུ་གནང་།

དེ་ནས་ཤེས་རིག་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་དང་། ཤེས་རིག་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེབས་གནང་རྗེས།

ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་ཐོག་བགྲོ་གླེང་གནང་འགོ་བཙུགས་གནང་ཡོད་པ་བཅས། །

Menu