༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བདུན་པ་ཚོགས་གནང་ཡོད།
དེ་ཡང་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་དང་། ཟུར་བཀོལ་སྔོན་རྩིས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། ལས་དོན་དང་འབྲེལ་བའི་དྲི་བ་བཏང་གནང་བ་ཁག་ལ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ལན་འདེབས་གསལ་བཤད་དང་། རྩིས་དང་འབྲེལ་བའི་དྲི་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ལན་འདེབས་གསལ་བཤད་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེབས་གནང་རྗེས། འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྨན་ཁང་ཁག་གསུམ་དང་མངོན་དགའ་སློབ་གྲྭ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས་དང་། ཆོས་རིག་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།
དེ་རིང་གི་ལས་རིམ་གཉིས་པ་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་ཉེར་བཞི་པའི་ནང་གསེས་ ༧ དང་། ༨། དོན་ཚན་ཉེར་ལྔ་པའི་ནང་གསེས་ ༧། དོན་ཚན་དོན་བདུན་པའི་ནང་གསེས་ ༡༡ བཅས་ཀྱི་ཐོག་སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བར།
སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་རྒྱབ་སྐྱོར་དང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་རེ་དྲུག་པའི་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བར།
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱབ་སྐྱོར་དང་།
བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི། དོན་ཚན་ལྔ་པའི་ཐོག་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱོར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བར།
སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་ཡོད། དེ་ནས་རིམ་བཞིན་བརྗོད་པ་དང་པོའི་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་རྗེས། ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་ཐོག་བགྲོ་གླེང་གནང་འགོ་བཙུགས་སོང་།
དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་ལྷན་ཁང་གི་སྐུ་མགྲོན་ཨན་དྷ་ར་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་མུར་ཏཱིས་ (Prof.G.S.Murthy) མཆོག་དང་། རྒྱ་གར་མཚོ་དམག་གི་དམག་དཔོན་ཟུར་པ་སྐུ་ཞབས་ར་མན་ པུ་རི་ (Vice Admiral Raman Puri (Retd)) མཆོག་རྣམ་གཉིས་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་འཚམས་འདྲི་ཞུས་གནང་ཡོད་པ་བཅས། །