བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ལྔ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ལྔ་པ་ཚོགས་གནང་ཡོད།

དེ་ཡང་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཐོག། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་དང་། ལྷོ་ཕྱོགས་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན་སྔོན་རྩིས། བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན་སྔོན་རྩིས་བཅས་སྤྱི་མོས་ཐོག་གཏན་འབེབས་གནང་རྗེས།

དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། དེ་བཞིན་དཔལ་འབྱོར་བོད་མིའི་བདེ་དོན་ལྷན་ཚོགས་དང་། དཔལ་འབྱོར་ལས་ཁུངས་ཀྱི་ཡིད་ཆེས་དགེ་རྩ། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས་ཁག་གི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། དྲི་བ་བཏང་གནང་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་རྗེས་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས་ཀྱིས་དགོངས་ཤོག་ཁག་དང་། བདུན་རྗེས་མའི་ལས་རིམ་སྙན་སྒྲོན་གནང་གྲུབ་མཚམས། དཔལ་ལྡན་ཚོགས་གཙོ་མཆོག་གིས་གནངས་སྔ་དྲོ་ཕྱག་ཚོད་ ༩།༣༠ བར་ཚོགས་གསེང་གི་གསལ་བསྒྲགས་གནང་བ་བཅས། །

Menu