བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༠ པ་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ནས་ ༢༥ བར་ཚོགས་གནང་བའི་ཚོགས་འདུ་མཇུག་བསྡོམས་ཀྱི་ཚོགས་གཙོའི་གསུང་བཤད།

དེ་རིང་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་མཇུག་སྒྲིལ་རན་གྱི་ཡོད་པ་རེད། དེ་རེས་ཀྱི་གྲོས་ཚོགས་སུ་ལས་རིམ་དང་འབྲེལ་བའི་ཐོག་ནས་དང་པོ་དགོངས་སེལ་ཞུ་དགོས་པ་གཅིག་དེ། ཚོགས་གཙོའི་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་ཚོ་བཀོད་སྒྲིག་ཞུ་བའི་སྐབས་ལ། ནམ་རྒྱུན་ཡིན་ན། སྤྱི་འཐུས་བསླབ་པ་རྒན་གཞོན་བྱས་ཏེ་མར་སྒྲིག་གི་ཡོད་པ་རེད། ད་རེས་བསླབ་པ་རྒན་གཞོན་ཏག་ཏག་ཅིག་སྒྲིག་ཐུབ་མི་འདུག མ་འོངས་པར་མང་པོ་ཞིག་གིས་དེར་གཟིགས་པའི་སྐབས་སུ་སྐབས་དེར་ནོར་འཁྲུལ་དེ་འདྲ་ཞིག་བྱུང་འདུག་ཅེས་ཞུ་དགོས་པ་མ་ཡིན་པར། མ་འོངས་པར་བསླབ་པ་རྒན་གཞོན་གྱི་ཐོག་ནས་འབྲི་དགོས་པ་དེ་གལ་ཆེན་པོ་རེད། དེ་ལ་དགོངས་སེལ་ཞུ་རྒྱུ་གཅིག་ཡིན།IMG_0983

དེ་ནས་ད་རེས་ཀྱི་གྲོས་ཚོགས་ཀྱི་ལས་རིམ་ནང་ལ། ཁ་སྔོན་དབུ་འབྱེད་གཏམ་བཤད་སྐབས་སུ་ཞུས་པ་བཞིན་ ༢༠༠༨ ནས་བཟུང་ད་ལྟ་བར་དུ་ང་ཚོའི་གྲོས་ཚོགས་ག་དུས་འགོ་བཙུགས་པ་ཡིན་རུང་གཞུང་འབྲེལ་མྱ་ངན་གུས་འདུད་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་དེ་འདྲ་ཞིག་བསྣམས་ཀྱི་ཡོད་པ་རེད། ལྷག་པར་དུ་བོད་ནང་གི་གནས་སྟངས་དེ་ད་དུང་ཡིན་ནའང་ཛ་དྲག་པོར་གནས་བསྡད་ཡོད་པ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་དེ་དང་འབྲེལ་བའི་ཐོག་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་ལ་ཡང་ཐུགས་ཁུར་ཆེན་པོ་བཞེས་ཏེ་གསུང་བཤད་གནང་བ་རེད། དེ་བརྒྱུད་ནས་དེང་སང་གྲོས་ཚོགས་ལ་དོ་སྣང་གནང་མཁན་ཡང་མང་དུ་ཕྱིན་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་ཡིན་པ་ཡིན་ནའང་ཏན་ཏན་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་འདི་ལ་དོ་སྣང་བྱེད་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་ལ་མཉམ་ཞུགས་གནང་བ་དེས་ཐུགས་ཕན་ཆེན་པོ་གསོས་ཡོད་པ་རེད། རྒྱ་ནག་ལ་ཡིན་པ་ཡིན་ནའང་ང་ཚོའི་ངོས་ནས་བརྡ་ལན་ཏག་ཏག་ཅིག་སྤྲོད་ཐུབ་ཡོད་པ་དང། བོད་ནང་གི་ཛ་དྲག་གི་གནས་སྟངས་གང་འདྲ་ཞིག་ཡིན་པ་དང་། སྤྱིའི་གནས་སྟངས་གང་འདྲ་ཞིག་ཡིན་པ། བྱེ་བྲག་གི་གནས་སྟངས་གང་འདྲ་ཞིག་ཡིན་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་བྱུས་ཀྱི་གནས་བབ་གང་འདྲ་ཞིག་ཡིན་པ། དེ་བཞིན་དེབ་རྒྱབ་ཤ་དཀར་པོའི་ཐོག་ལ་ལྟ་སྟངས་གང་འདྲ་ཞིག་ཡིན་པ། ‘’བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བ།’’ཟེར་བའི་དུས་དྲན་སྲུང་བརྩི་བྱེད་ཕྱོགས་ཀྱི་ཐོག་ལ་ང་ཚོའི་ལྟ་སྟངས་གང་འདྲ་ཡིན་པ། དེ་དག་ཆ་ཚང་གི་ཐོག་ནས་ངོ་འཕྲོད་པ་ཞིག་དང་། བརྡ་འཕྲོད་པ་ཞིག་བྱུང་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད།

རྗེས་དྲན་གྲོས་འཆར་གྱི་ནང་ལ་གྲོས་ཚོགས་ཚོགས་པའི་སྐབས་སུ་སྤྱི་འཐུས་འགའ་ཤས་ཤིག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་ཐོག་ནས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྱི་གྲོས་འཆར་ཞིག་ཟུར་དུ་བསྣམས་ཕེབས་དགོས་ཀྱི་རེད་ཅེས་གསུངས་སོང་། དེར་ང་ཚོ་རྒྱུན་ལས་ནང་ལ་བཀའ་མོལ་ཞུས་པ་ཡིན། རྩ་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བྱས་རྗེས་དངོས་ནས་དྲང་གནས་གཞན་དང་མི་འདྲ་བ་ཆེན་པོ་རེད། བཙོན་ཁང་ནང་དུ་ལོ་མང་པོར་བཞུགས་དགོས་བྱུང་བ་དང་། ཉེས་མེད་ཉེས་འདོགས་ཀྱི་ཐོག་ནས་བཙོན་ཁང་ནང་དུ་ལྷག་པ་དང་། བཙོན་ཁང་རང་གི་ནང་དུ་འདས་གྲོངས་སུ་ཕྱིན་པའི་གནས་སྟངས། འདས་གྲོངས་སུ་རང་བཞིན་གྱིས་ཕྱིན་པ་རེད་དམ། གང་འདྲ་བྱས་ནས་ཕྱིན་མིན་ཐད་དྲི་བ་ཆེན་པོ་ཞིག་བྱུང་བ་རེེད། དེ་དང་འབྲེལ་བའི་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ཁབ་མང་པོ་ཞིག་ལ་ཕྱག་བྲིས་ཕུལ་ཡོད་རེད། ཕྱག་བྲིས་ཕུལ་ནས་དེའི་ལན་རྒྱལ་ཁབ་མང་པོ་ཞིག་ནས་ཚུར་འབྱོར་སོང་། ལྷག་པར་དུ་རྒྱལ་ཁབ་དེ་དག་གིས་གསུངས་པར་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཆོས་དད་རང་མོས་ཀྱི་གནས་སྟངས་རེད། དེ་དག་གི་ཐོག་ལ་ཐུགས་འཚབ་ཆེན་པོ་ཡོད། དུས་རྒྱུན་དུ་ཁོང་ཚོས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་སྐབས་སུ་བོད་ནང་གི་གནས་སྟངས་ཐོག་ལ་བགྲོ་གླེང་བྱེད་ཀྱི་ཡོད་ཅེས་ཁོང་ཚོས་སེམས་འཚབ་ཆེན་པོའི་ཐོག་ནས་ལན་མང་པོ་འབྱོར་སོང་། དེར་བརྟེན་དེ་རིང་གྲོས་ཚོགས་ནང་ལ་ཟུར་དུ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་ཁུར་མི་དགོས་པ་དང་། རང་ལུས་མེར་བསྲེགས་གནང་མཁན་ཚོ་ཡིན་ནའང་བློས་གཏོང་ཆེན་པོའི་ཐོག་ནས། ཡོད་ཚོད་མེད་ཚོད་སོ་སོར་ཡོད་པའི་སྲོག་དེ་ཡང་བློས་བཏང་ཡོད་དུས། དེ་དག་མཉམ་དུ་ཁུར་བ་དེས་འཐུས་པ་བྱས་པ་ཡིན། དེ་མ་གཏོགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཆེ་མཐོང་མ་ཕུལ་བ་དེ་འདྲ་མིན་ཞེས་ཞུ་རྒྱུ་ཡིན།

དེ་བཞིན་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་སྐབས་ལ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱབ་ཤ་དཀར་པོའི་ཐོག་ལ་བཀའ་ཤག་གིས་གསལ་བཤད་ཀྱི་ནང་དུ་གསུངས་པའི་སྐབས་སུ་ཡིན་ནའང་རེད། གནས་སྟངས་དེ་དག་གི་འོག་ནས་རྒྱ་ནག་གི་ངོས་ནས་རྒྱབ་ཤ་དཀར་པོ་གང་འདྲ་ཞིག་བཏོན་པ་ཡིན་རུང་། ཧ་ཅང་གི་རྒྱ་ཁྱབ་ཆེན་པོ་ཞིག་ལ་འགྲེམ་བཞིན་ཡོད་རེད། ང་རང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་། གཞུང་དང་གྲོས་ཚོགས། ཕྱི་སྲིད་ལས་ཁུངས། དེ་དང་འབྲེལ་ཡོད་ཀྱི་སྡེ་ཚན་གང་འདྲ་ཞིག་ཡོད་པ་ཡིན་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལན་འདེབས་བརྒྱབས་པ་དེ་དག རྒྱ་ཁྱབ་ག་ཚོད་ཆེ་ཆེ་ཞིག་འགྲེམས་དགོས་པ་ཞིག་ཆགས་ཀྱི་འདུག དེ་དང་རང་ཉིད་ནས་གྲོས་ཚོགས་ནང་གསུངས་པ་དེར་སླར་ཡང་རྒྱབ་སྐྱོར་དང་སྦྲགས་ནས་འཛིན་སྐྱོང་བཀའ་ཤག་ལ་འབོད་སྐུལ་ཞུ་རྒྱུ་དང་། རྩ་བའི་མ་གནང་བ་དེ་འདྲ་མ་རེད་ཀྱང་། ད་དུང་དེ་ལས་ཤུགས་ཆེ་ཙམ་གནང་དགོས་པ་དེ་གལ་ཆེན་པོ་རེད་འདུག དོན་གཅོད་ཁག་སོ་སོ་སོ་སོར་ལས་འགན་སྤྲད་ནས་གང་ཐུབ་ཅི་ཐུབ་ཀྱིས་ཁྱབ་བསྒྲགས་གནང་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

དེ་རིང་ང་ཚོའི་གྲོས་ཚོགས་ཀྱི་དུས་ཚོད་མང་བ་ཞིག་ཕྱི་ལོ་ ༢༠༡༤ ་་་ ༢༠༡༥ ལོའིལས་བསྡོམས་སྒང་ལ་བཏང་བ་རེད། དེ་དག་ཐོག་ཚང་མས་དངོས་གནས་འགན་བཞེས་གནང་སོང་། སྐབས་རེར་དུས་ཚོད་ཀྱིས་འདང་མིིན་དབང་གིས་སྟངས་འཛིན་བྱེད་དགོས་པ་དེ་འདྲ་ཡོང་གི་འདུག་མ་གཏོགས། དེ་མིན་བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་ཕལ་ཆེར་དྲི་བ་ལྷག་མ་སོང་སྙམ་པ་ཞིག་དང་། ཡང་མང་པོ་ཞིག་གྲོས་ཚོགས་སྔོན་མའི་ནང་ལ་སོང་བ་དེ་འདྲ་བསྐྱར་ལྡབ་ཡོང་གི་ཡོད་པ་རེད། དེ་བཞིན་གྲོས་ཚོགས་འདི་རང་གི་ནང་དུ་བསྐྱར་ལྡབ་དེ་འདྲ་ཡང་ཡོང་གི་འདུག་མ་གཏོགས། གཞི་རྩའི་འཛིན་སྐྱོང་གི་ལྷན་ཁང་རེ་རེ་བྱས་ནས་ཞིབ་ཚགས་པོའི་ཐོག་ནས་དྲིི་བ་གཏོང་རྒྱུ་དང་། བསམ་འཆར་འབུལ་རྒྱུ་རེད། དེ་དག་གི་ཐོག་ལ་ཧ་ཅང་གི་ཐུགས་ཁུར་ཆེན་པོ་བཞེས་སོང་། མང་ཚོགས་ལའང་ཧ་ཅང་གི་ཁེ་ཕན་བྱུང་ཡོད་རེད་བསམ་གྱི་འདུག འཛིན་སྐྱོང་གི་ངོས་ནས་ཡིན་ནའང་དྲི་བ་རེ་རེ་རེ་རེར་ལན་འདེབས་བརྒྱབས་ནས། དེའི་བརྒྱུད་རིམ་ཞིག་གི་ཐོག་ནས་མང་ཚོགས་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་ལས་ག་རེ་གནང་གི་ཡོད་མེད་དང་། དེ་དག་ཚང་མ་ཤེས་རྟོགས་གསལ་པོ་ཐུབ་པ། ལྷག་པར་དུ་ས་གནས་སོ་སོར་དཀའ་ངལ་བྱེ་བྲག་ཡོད་པ་དེ་དག་གྲོས་ཚོགས་ནང་གླེང་ཡོད་པ་རེད། གྲོས་ཚོགས་ཀྱི་ལས་རིམ་འདིར་ཐུགས་སྣང་གནང་ཡོད་པ་ཡིན་ན། གནད་དོན་རེ་རེ་རེ་རེའི་ཐོག་ལ་འཛིན་སྐྱོང་གི་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་སྟངས་དེ་དག་ཐོག་ལ་ཧ་ཅང་གསལ་པོ་བྱུང་སོང་།

དེ་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་གིས་ལས་དོན་བྱེད་ཕྱོགས་ཐད་ལ། ཤེས་ཡོན་ཚོགས་ཆུང་ལྟ་བུ་ཡིན་ན། དུས་ཚོད་མང་པོ་བཏང་ནས་ཞིབ་འཇུག་བྱ་རྒྱུ་དང་དྲི་བ་བཟོ་རྒྱུ་རེད། སློབ་གྲྭ་སོ་སོ་སོ་སོར་བསྐྱོད་དེ་ཉམས་ཞིབ་གནང་རྒྱུ་རེད། ལས་བསྡོམས་ཀྱི་སྙན་ཐོ་བཟོ་རྒྱུ་རེད། དེ་ཚོའི་ཐོག་ལ་ཧ་ཅང་གི་དུས་ཚོད་མང་པོ་ཞིག་བཏང་ཡོད་རེེད། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་གསལ་བཤད་སྐབས་སུ་གསུངས་པ་བཞིན། ཏན་ཏན་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོས་ང་ཚོར་ལས་འབོར་མང་པོ་ཞིག་བསྐུར་སོང་སྙམ་པ་ཞིག་ཡོང་སྲིད་པ་རེད་ཀྱང་། ད་རེས་འདིར་ཤེས་ཡོན་ཚོགས་ཆུང་གི་ངོས་ནས་དེབ་བཏོན་བཞག་པ་འདིས་འདས་པའི་ལོ་བཅུའི་ནང་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གནས་སྟངས་གང་འདྲ་གང་འདྲ་ཆགས་ཡོད་མེད་ཆ་ཚང་ཞིག ཡིག་ཆ་ཧ་ཅང་གི་མང་པོ་བསྔོག་མི་དགོས་པའི་ཐོག་ནས་ཡིག་ཆ་འདི་གཅིིག་པུར་བལྟས་པ་ཡིན་ན། དེ་རང་ནས་ཤེས་ཐུབ་པའི་གནས་སྟངས་ཤིག་བཟོས་སོང་།

དེའི་ཐོག་ནས་སླར་ཡང་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ནང་དུ་བཀའ་མོལ་མང་པོ་བྱུང་སོང་། དེ་དང་དཔེ་སྟོན་སློབ་གྲྭའི་གནས་སྟངས་ཀྱི་ཐོག་བཀའ་མོལ་མང་པོ་བྱུང་བ་རེད། ཡིག་རྒྱུགས་ཀྱི་གྲུབ་འབྲས་ཀྱི་གནས་སྟངས་གཅིག་རེད། དེ་རིང་རང་བཀུར་འོས་སྤྱི་འཐུས་ཤིག་གིས་གསུངས་སོང་། དཔེ་སྟོན་སློབ་གྲྭ་དང་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་དགོས་པའི་གནད་དོན་གཙོ་བོ་དེ། སློབ་ཕྲུག་དེ་དག་གིས་ལེགས་ཉེས་ཀྱི་རྣམ་པ་གསལ་པོར་འབྱེད་ཐུབ་མཁན་གྱི་བློ་ཞིག་བསྐྲུན་རྒྱུའི་ཆེད་དུ་བཙུགས་པ་རེད། ཡིག་རྒྱུགས་ཀྱི་གྲུབ་འབྲས་གཅིག་པུ་མ་ཡིན་པར་དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་མ་དེ་དག་གིས་བཟང་བ་དང་ངན་པ། ལེགས་པ་དང་ཉེས་པ། ཡག་པ་དང་སྡུག་པ། དེ་དག་གི་དབྱེ་བ་འབྱེད་ཐུབ་པའི་བློ་ཞིག་བསྐྲུན་ཐུབ་པའི་ཆེད་དུ་བཟོས་པ་རེད། དེ་ནི་ཡིག་རྒྱུགས་ཀྱི་གྲུབ་འབྲས་གཅིག་བུ་མ་ཡིན་པར་མི་བཟང་པོོ་ཞིག་དང་། མི་ཡག་པོ་ཞིག་ཆགས་ཐུབ་པའི་ས་བོན་འདེབས་ཐུབ་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཚོགས་ཆུང་གི་སྙན་ཐོའི་ནང་དུའང་དེ་འཁོད་འདུག འཛིན་སྐྱོང་གིས་ཚོགས་ཆུང་བཙུགས་པར་གཤིབ་བསྡུར་དང་དེའི་ནང་ལ་གསལ་པོ་འཁོད་ཡོད་དུས། དེའི་གནས་སྟངས་དེ་གྲུབ་འབྲས་གཅིག་པུར་གཞིར་བཞག་ན་འགྲིག་གི་མི་འདུག་སྙམ་པའི་བསམ་ཚུལ་ཞིག་བྱུང་བ་རེད། ལས་བསྡོམས་དང་འབྲེལ་བའི་ཐོག་ནས་རེད། ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ནས་རེད། དེ་གཅིག་འབུར་དུ་བཏོན་ནས་ཞུས་ན་སྙམ་བྱུང་།

དེ་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཆུང་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་གི་ཚོགས་མི་ཚོ་ཡིན་ནའང་ཚོགས་ཆུང་གཉིས་གསུམ་གྱི་ནང་དུ་ཕྱག་ལས་གནང་དགོས་པའི་གནས་སྟངས་དེ་འདྲ་ཆགས་ཀྱི་ཡོད་རེད། བཀུར་འོས་སྤྱི་འཐུས་གཅིག་གིས་ཚོར་ཤུགས་ཆེན་པོས་གྲོས་ཚོགས་ནང་ལ་གསུངས་པ་རེད། ཚོགས་གཙོ་གཉིས་ལ་ཡང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་འདུག མ་འོངས་པར་མི་མང་ཚོས་སྤྱི་འཐུས་འདེམས་པའི་སྐབས་སུ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཏན་ཏན་རེེད། སྤྱི་པའི་འགན་ཁུར་རྒྱུའི་དམ་བཅའ་ཞིག་བླངས་ཚར་བའི་རྗེས་ལ། ལས་དོན་གང་འདྲ་ཞིག་ཡིན་ནའང་དེའི་ནང་ལ་ཞུགས་རོགས་གྱིས་ཞེས་པ་ལྟར་མཉམ་ཞུགས་བྱེད་ཐུབ་པའི་ནུས་པ་དགོས་ཀྱི་རེད་ལ། འཇོན་ཐང་ཡང་དགོས་ཀྱི་རེད། དུས་ཚོད་ཀྱང་གཏོང་ཐུབ་པ་དགོས་ཀྱི་རེད། ང་ཚོས་ཚོགས་ཆུང་འཛུགས་པའི་སྐབས་སུ་མི་གཅིག་ནས་གཉིས། གསུམ་ལ་སྐད་ཆ་འདྲི་སྐབས་ཞུགས་ཐུབ་ཀྱི་མི་འདུག་ཅེས་གསུང་ཡོང་དུས། སྐབས་རེ་སྤྱི་འཐུས་གཅིག་ལ་ལས་འགན་གཉིས་གསུམ་སྤྲོད་དགོས་པའི་གནས་སྟངས་དེ་འདྲ་ཡོང་གི་འདུག ཚོགས་ཆུང་ནང་ལ་འགན་བཞེས་མཁན་གྱི་སྤྱི་འཐུས་རྣམ་པ་ཚོར་དངོས་གནས་དྲང་གནས་ཚོགས་གཙོ་སྦྲེལ་པོའི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཕན་ཐོགས་ཀྱང་ཧ་ཅང་གི་ཆེན་པོ་བྱུང་སོང་།

གསོ་བ་རིག་པ་དང་འབྲེལ་བའི་ཚོགས་ཆུང་ལ་ཆ་མཚོན་ན། ས་གནས་ལ་བསྐྱོད་དགོས་སར་བསྐྱོད། གནད་ཡོད་མི་སྣ་ཐུག་དགོས་སར་ཐུག་སྟེ། དེ་འདྲ་བྱས་ནས་གནས་སྟངས་ཧ་ཅང་གི་གསལ་པོ་ཡག་པོ་ཞིག་གྲོས་ཚོགས་འདི་བརྒྱུད་ནས་བཟོ་ཐུབ་ཡོད་རེད། ད་ཆ་དེ་ནས་མར་གོམ་པ་རྒྱག་དགོས་པ་དེ་རེད། གསོ་བ་རིག་པ་དེ་གལ་ཆེན་པོ་ཡིན་པ་སྤྱི་འཐུས་རྣམ་པ་ཚང་མས་གསུང་གི་འདུག མཐུན་རྐྱེན་སྦྱོར་བའི་སྐབས་ལ་སྐད་ཆ་བཤད་ཡོང་དུས། ཡིན་ལ་མིན་ལའི་གནས་སྟངས་ཤིག་ཀྱང་ཡོང་གི་འདུག ལྷན་ཚོགས་དེ་གནས་དགོས་ཀྱི་ཡོད་ན། དེར་དཔལ་འབྱོར་གྱི་རྒྱབ་རྟེན་དགོས་པ་རེད་མ་གཏོགས། དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཞིག་ལ། མཐུན་རྐྱེན་སྦྱོར་གྱི་མིན་གསུངས་ན། རིག་གཞུང་དེ་གལ་ཆེན་པོ་ཡིན་པར་བཤད་ནས་མཐུན་རྐྱེན་སྦྱོར་མི་ཐུབ་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། དགོས་ཀྱི་འདུག་ཅེས་པ་དང་། གནས་དང་མི་གནས་ཀྱི་གནས་སྟངས་དེ་གཉིས་ཏག་ཏག་ཅིག་སྡོད་ཀྱི་ཡོད་མ་རེད། དེ་ཡིན་དུས་འཛིན་སྐྱོང་གི་ངོས་ནས་དེ་སྔོན་ཐག་གཅོད་ག་རེ་གནང་ཡོད་པ་ཡིན་ནའང་། དེ་རིང་གི་གྲོས་ཚོགས་ཀྱི་ཚོར་བ་དེ་དང་། གྲོས་ཚོགས་ཀྱི་ཐག་གཅོད་འདིའི་འོག་ནས་གནང་ཐབས་གསར་པ་གང་འདྲ་ཞིག་གནང་དགོས་ཀྱི་འདུག དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཙམ་མ་ཟད་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ཁ་སང་ཚོགས་ཆུང་གིས་མཐུན་རྐྱེན་སྦྱར་ནས། ཚོགས་ཆུང་དང་མཉམ་དུ་བཅར་རྒྱུའི་གོ་སྐབས་དེ་འདྲ་བྱུང་ཡོད་པ་རེད། ད་རེས་མི་དང་འབྲེལ་བ་ཡང་ཆགས་ཡོད་རེད། ཉི་མ་གཅིག་གཉིས་ནང་ལ་རྒྱ་གར་གཞུང་གི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་དེ་དག་ཡར་ཕེབས་ཀྱི་ཡོད་རེད། དེ་དག་གི་གོ་སྐབས་བླངས་ཏེ། སྨན་རྩིས་ཁང་ཡིན་ནའང་སྒྲིག་འཛུགས་ཀྱི་སྡེ་ཚན་ཆ་ཚང་ཞིག་ཁོང་ཚོ་ལ་ངོ་སྤྲོད་ཞུས་ཏེ། ཁོང་ཚོས་ཡིད་ཆེས་འཕེར་བ་བཟོ་དགོས་པ་དང་། དེ་བརྒྱུད་ནས་ང་ཚོར་རྒྱབ་སྐྱོར་ག་རེ་རག་དགོས་ཀྱི་ཡོད་ནའང་། དེ་དག་ཚང་མར་མུ་མཐུད་ནས་འབད་བརྩོན་ཞུ་དགོས་ཀྱི་འདུག ལྷག་པར་དུ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་འགན་འཁུར་མཁན་སུ་ཡིན་ནའང་། ས་གནས་ཀྱི་སྨན་པའི་ལྷན་ཚོགས་ཡིན་ནའང་འདྲ། མངའ་སྡེ་གཞུང་ཡིན་ནའང་འདྲ། དབུས་གཞུང་ཡིན་ནའང་འདྲ། ད་རེས་འབྲེལ་བ་བཟོས་བཞག་པ་དེ་མུ་མཐུད་ནས་ཡག་པོ་བྱས་ནས་ཉར་ཐུབ་པ་བྱེད་དགོས་པ་དང་། མ་འོངས་པར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་གནས་སྟངས་གང་འདྲ་ཡོང་གི་ཡོད་མེད། དེའི་ཐོག་ལ་ཤུགས་རྒྱག་དགོས་པ་དང་། ད་རེས་ཐེངས་གཅིག་སྤྱི་འཐུས་ལྷན་ཚོགས་ཀྱི་འབད་བརྩོན་བྱས་པའི་ཐོག་ནས་ནུས་པ་བཏོན་པ་ཙམ་མིན་པར། མུ་མཐུད་ནས་དཀའ་ལས་བརྒྱབ་སྟེ་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་ཞུ་འདོད་བྱུང་།

གཞན་ཚོགས་ཆུང་ནང་དུ་ཕྱོགས་བཞུགས་སྤྱི་འཐུས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་། ཐོབ་ཐང་གི་གནས་སྟངས་དེ་ཚོའི་འོག་ནས་ཡག་ཐག་ཆོད་བྱུང་སོང་ཞེས་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་གི་གནས་སྟངས་ཐོག་ནས་ད་དུང་ཁ་གསལ་པོ་མ་ཆགས་པ་ཡིན་ནའང་རེད། འདི་འདྲའི་གནས་སྟངས་འོག་ནས་འཛིན་སྐྱོང་བཀའ་ཤག་གིས་དཔྱ་ཁྲལ་འབུལ་རྒྱུར་ཆག་ཡང་སྤྲད་པའི་གནས་སྟངས་རེད། དེའི་ཐོག་ལ་ཁ་སང་གྲོས་ཆོད་གང་ཡོད་པའི་ཐོག་ནས་སྒྲིག་གཞི་གཞིར་བཟུང་ ༢༠༠༨ ནས་ ༢༠༡༥ བར་ལ་ཕུལ་མ་ཐུབ་པ་ཡོད་པ་ཡིན་ན། བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་ཚོགས་པ་སོ་སོས་འགན་ཁུར་ཏེ། དེ་དག་ལ་ཆག་ཡང་སྤྲོད་རོགས་གྱིས་ཟེར་ནས་རིམ་པ་གཉིས་ཙམ་ཞིག་ང་མེད་པའི་སྐབས་སུ་བྱུང་པ་འདྲ། དེ་འདྲ་བྱས་ཏེ་ཐུན་མོང་ཐོག་ནས་ནུས་པ་སྤུངས་ནས་དེ་ཡར་ཁུར་ཡོང་བ་ཡིན་ན། དེར་ཐབས་ལམ་ཞིག་ཡོད་ཡོད་པ་ཞིག་རེད། གྲོས་ཚོགས་ནང་དུ་གཅིག་པུ་བཤད་པས་ཕན་ཐོགས་རྒྱུ་ཞིག་ཡོད་མ་རེད། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་སོ་སོའི་ས་གནས་ལ་ལམ་སྟོན་གསལ་པོ་ཞིག་གནང་བ་ཡིན་ན། འགྲོ་ས་དང་འགྲོ་ཁུངས་གཅིག་ཡོད་ཡོད་པ་རེད་ཅེས་ཞུ་འདོད་བྱུང་།

དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་དོན་དང་འབྲེལ་བའི་ཐོག་ནས་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ལས་དོན་དེ་ལ། སྐབས་ ༡༥ པའི་གྲོས་ཚོགས་ཀྱིས་དངོས་གནས་དྲང་གནས་འགན་མང་པོ་ཞིག་འཁུར་ཡོད་རེད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པ་དང་ ༦ པ་དེ་དག་ཚང་མའི་སྙན་ཐོ་གྲོས་ཚོགས་ནང་དུ་སླེབས་རྒྱུ་དང་། སྐབས་ ༧ པ་བསྐོ་བཞག་ཟིན་པའི་གནས་སྟངས། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཕྱག་ལས་གནང་བ་གཅིག་པུ་མ་ཡིན་པ། དེར་མཇུག་སྐྱོང་བྱ་དགོས་པ་དེ་སྤྱི་འཐུས་རྒྱུན་ལས་རང་ནས་བྱས་ཏེ། དེ་ལ་དུས་ཚོད་ཧ་ཅང་གི་མང་པོ་བཏང་ཡོད་རེད། ཚོགས་གཙོ་རང་ཉིད་ཡིན་ནའང་དུས་ཚོད་མང་པོ་ཞིག་དེའི་སྟེང་དུ་གཏོང་དགོས་ཐུག་གི་འདུག མ་འོངས་པར་ང་ཚོ་ལ་དེ་འདྲ་མི་ཡོང་བའི་ཆེད་དུ་བཀུར་འོས་སྤྱི་འཐུས་རྣམ་པ་མང་པོ་ཞིག་གིས་ད་རེས་ཀྱི་གྲོས་ཚོགས་ནང་དུ་གསུངས་སོང་། ད་ལྟའི་ལས་བྱེད་འགན་འཁུར་མཁན་ཚོས་ཉིན་རེ་ཉིན་རེའི་ལས་དོན་སྲ་ཐག་ཐག་ཅིག་བྱས་པ་ཡིན་ན། རྩིས་ཞིབ་ཀྱི་སྙན་ཐོའི་ནང་དུ་དེ་འདྲ་ཞིག་ཐོན་དགོས་ཀྱི་ཡོད་མ་རེད། དེ་བཞིན་ལས་ཀྱི་སྣེ་མོ་བ་དབང་ལྡན་འགན་འཛིན་ཚོ་ཡིན་ནའང་རྩིས་ཞིབ་བྱེད་པར་ཡོང་བའི་སྐབས་སུ་ཡིག་ཆ་མཁོ་སྤྲོད་བྱ་དགོས་པ་ཡིན་ནའང་རེད། རྒྱུ་མཚན་གསལ་བཤད་བྱ་རྒྱུ་ཡིན་ནའང་རེད། དེ་ཚོར་གང་ཐུབ་ཅི་ཐུབ་ཅིག་ས་གནས་རང་ནས་བྱེད་ཐུབ་པ་ཡིན་ན། རྩིས་ཞིབ་ཀྱི་སྙན་ཐོའི་ནང་དུ་རང་བཞིན་གྱིས་ཉུང་དུ་འགྲོ་གི་རེད། རྩིས་ཞིབ་ལས་ཁང་གི་ངོས་ནས་ཡིན་ནའང་། མང་པོ་ཞིག་འབྲི་རྒྱུར་ཏན་ཏན་འདོད་པ་ཡོད་ཀྱི་མ་རེད་བསམ་གྱི་འདུག དུས་ཚོད་ཀྱང་གང་ལ་གང་འཚམ་གཏོང་གི་འདུག ལས་དོན་འགྲུབ་དང་མ་འགྲུབ་ཀྱི་གནད་དོན་ཁ་ཁག་རེད། ཡང་ང་ཚོས་འདྲི་རྩད་བྱེད་པའི་སྐབས་སུ་རྩིས་ཞིབ་ལས་ཁུངས་ཀྱི་ལམ་སྟོན་ཆ་ཚང་ཞུ་གི་ཡོད་ཅེས་གསུང་གི་འདུག ཡང་ས་གནས་སོ་སོ་སོ་སོའི་འགན་འཁུར་མཁན་ཚོས་ལམ་སྟོན་གནང་གི་མི་འདུག་ཅེས་གསུངས་པ་དེ་འདྲའང་ཡོང་གི་འདུག ལམ་སྟོན་གནང་གི་མི་འདུག ང་ཚོས་ཡང་བསྐྱར་གསལ་བཤད་བྱེད་པའི་སྐབས་སུ་ཁོང་ཚོའི་སྙན་ཐོ་ནང་དུ་གཅིག་འཁོད་ཟིན་པ་ཡིན་ན། འགྱུར་བ་ཅི་ཡང་གཏོང་གི་མི་འདུག ཕྱོགས་གཉིས་ཀ་ནས་བསམ་ཚུལ་མི་འདྲ་བ་ཡོད་པ་དེ་དག ང་ཚོས་མཐུན་པ་ཞིག་བཟོ་དགོས་པ་དེ་ཧ་ཅང་གི་གལ་ཆེན་རེད། ང་ཚོ་སྒྲིག་འཛུགས་གཅིག་གི་ལས་དོན་བྱེད་ཀྱི་ཡོད་རེད། དེར་གང་ཐུབ་ཅི་ཐུབ་ཀྱིས་ཕྱི་གསལ་ནང་གསལ་དང་། གང་ཐུབ་ཅི་ཐུབ་ཀྱིས་གཙང་མ་ཞིག་བྱུང་བ་ཡིན་ན། དེ་ང་ཚོ་སྤྱི་པའི་སྒྲིག་འཛུགས་ལ་ཕན་པ་ཞིག་རེད་མ་གཏོགས། རྩིས་ཞིབ་ཀྱི་ལས་བྱེད་ཡིན་ན་སོ་སོ་སྒེར་གྱི་ཆེད་དུ་མ་རེད། སྒྲིག་འཛུགས་སོ་སོ་སོ་སོའི་ལས་བྱེད་ཡིན་པ་ཡིན་ནའང་། སོ་སོ་སྒེར་གྱི་ཆེད་དུ་བྱེད་ཀྱི་ཡོད་མ་རེད། དེ་ཡིན་དུས་ཕན་ཚུན་གོ་བརྡ་འཕྲོད་རྒྱུར་ཡག་ཏུ་ཕྱིན་པ་ཡིན་ན། མ་འོངས་པར་རྩིས་ཞིབ་ཀྱི་སྙན་ཐོར་ཏན་ཏན་བཀོད་རྒྱུ་ཉུང་དུ་འགྲོ་གི་རེད། ད་ཕན་ཆད་རྩིས་རྙིང་པ་མང་ཆེ་བ་ཞིག་གང་ལ་གང་འཚམ་ཞིག་གཙང་མ་བཟོ་ཐུབ་ཡོད་རེད། དེ་སྔོན་རྩིས་སྙན་གྱི་སྙན་ཐོའི་ནང་དུ་འཁོད་པ་རྙིང་པ་མང་ཆེ་བ་ཞིག་གཙང་མ་བཟོ་ཐུབ་ཡོད་རེད། ད་ལྟ་ཡིན་ན་བཀུར་འོས་སྤྱི་འཐུས་ཤིག་གིས་གསུངས་པ་རེད། སྒྲིག་འཛུགས་དང་འབྲེལ་བ་ཡོད་པ། ང་ཚོའི་ལྷན་ཁང་ཁག་དང་འབྲེལ་བ་ཡོད་པའི་ལས་བྱེད་ཚོས་འགན་ཡག་ཐག་ཆོད་འཁུར་གྱི་འདུག དེར་བརྟེན་ལྷན་ཁང་དང་ལས་ཁུངས་མང་པོ་ཞིག་གི་རྩིས་གཙང་ཟིན། མཇུག་སྐྱོང་མེད་ཅེས་འཁོད་ཡོད་རེད། འགན་དེ་ཙམ་མི་འཁུར་མཁན་ད་ལྟའང་ཤོག་བུ་མང་པོ་ཞིག་ལྷག་བསྡད་པ་དེ། མཉམ་འབྲེལ་ཁག་ནས་མང་པོ་ཞིག་ཡོང་གི་འདུག དེར་བརྟེན་དོན་ཚན་རེ་རེ་བྱས་ཏེ་འབྲེལ་ཡོད་ལས་བྱེད་སྐད་བཏང་སྟེ་ལབ་ཀྱི་ཡོད་རེད། དེ་འདྲ་འདི་འདྲ་བྱས་པ་ཡིན་ན། དེ་གཙང་མ་ཆགས་ཀྱི་འདུག་ཅེས་དང་། དེ་ཚོའང་བྱེད་མ་ཐུབ་པའི་གནས་སྟངས་ཡོང་གི་འདུག དེའི་ཐོག་ལ་སྔོན་མ་ང་ཚོས་ཞུས་ཡོད་རེད། རྩིས་ཞིབ་པ་ཚོ་ལ་ལས་ཁུངས་སོ་སོའི་རྩིས་པ་ཚོ་ཡིན་ན་ཟབ་སྦྱོང་ཡག་པོ་ཞིག་སྤྲད་ནས། སྙན་ཐོའི་ནང་དུ་དོན་དག་འདི་འདྲ་འདི་འདྲ་ཡོང་གི་འདུག མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་ལྟ་སྟངས་འདི་འདྲར་ལྟ་གི་ཡོད་རེད། གཙང་མ་ཆགས་སྟངས་འདི་འདྲ་བྱས་ནས་ཆགས་ཀྱི་ཡོད་རེད། ལམ་སྟོན་ཡག་པོ་ཞིག་གམ། ཡང་ན་སློབ་གསོ་ཡག་པོ་ཞིག ཡང་ན་ཟབ་སྦྱོང་ཐེངས་གཅིག་འདྲ་པོ། ཚོགས་འདུ་ཐེངས་གཅིག་ཙམ་བསྐོངས་ཐུབ་པ་ཡིན་ན། དེས་མ་འོངས་པ་ལ་ཏན་ཏན་ཐུགས་ཕན་གསོ་རྒྱུ་ཡོང་གི་རེད་སྙམ་གྱི་འདུག དེ་ཡིན་དུས། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང་འབྲེལ་བའི་ཐོག་ནས་འགན་འཁུར་མཁན། དཔེར་ན། དེ་རིང་འདི་ལ་ཡིན་ན། ལྷན་ཁང་འབྲེལ་ཡོད་ལས་ཁུངས་སོ་སོའི་ལས་བྱེད་སྐད་བཏང་ནས་གནད་དོན་རེ་རེར་འགྲེལ་བཤད་རྒྱག་སྐབས། ཞུ་དག་མང་པོ་ཞིག་གཙང་མ་ཆགས་ཐུབ་པའི་ལམ་ཞིག་ཡོང་གི་འདུག

མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་དང་འབྲེལ་བ་ཡོད་པའི་ནོར་བུ་གླིང་ཁའི་ཆེད་བཙུགས་པའི་ཚོགས་ཆུང་དེ་རེད། དེ་ནོར་བུ་གླིང་ཁ་ནས་ཡིན་ནའང་ནོར་རྒྱུ་ཡོད་མ་རེད་བསམ་གྱི་འདུག དེར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་མངགས་བསྔོགས་ནས། འདས་པའི་ལོ་བཅུ་ཙམ་གྱི་གནས་སྟངས་བསྔོགས་ནས་རྙོག་གྲ་བཟོ་གི་ཡོད་པའི་རྣམ་པ་ཞིག་མཐོང་བ་ཡིན་ན། དེ་ཏག་ཏག་ཅིག་སྡོད་ཀྱི་ཡོད་མ་རེད། ང་རང་ཚོར་འགྲོ་ལུགས་འགྲོ་སྟངས་ཤིག་ཡོད་རེད། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ནང་ནས་རྩིས་ཞིབ་ལས་ཁུངས་རེད། རྩིས་ཞིབ་ལས་ཁུངས་ཀྱིས་རྩིས་ཞིབ་གནང་གི་ཡོད་རེད། རྩིས་ཞིབ་གནང་བའི་སྐབས་སུ་སྐྱོན་གནད་གང་མཐོང་བ་དེ་ཐོ་འགོད་བྱེད་ཀྱི་ཡོད་རེད། དེ་མཇུག་སྐྱོང་བ་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་བྱས་ན་མ་གཏོགས། སུ་གཅིག་གིས་བྱེད་མཁན་ཡོད་མ་རེད། དེ་གཙང་མ་བཟོ་དགོས་ཀྱི་ཡོད་ན། སྤྱི་འཐུས་ལྷན་ཚོགས་ཀྱིས་བྱེད་རྒྱུ་རེད་མ་གཏོགས། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་བཙུགས་ནས་གཙང་མ་བཟོས། མཐའ་མ་གྲོས་ཚོགས་ནང་ནས་གཙང་མ་བཟོ་དགོས་པའི་གནས་སྟངས་ཤིག་རེད། དེ་ཡིན་དུས་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་དུ་གཉེར་ནས་གཅིག་བྱེད་ཀྱི་ཡོད་པའི་བཟོ་འདྲ་བ་ལ་དགོངས་པ་བཞེས་པ་ཡིན་ན། ཏག་ཏག་སྡོད་ཀྱི་ཡོད་མ་རེེད། མ་གིའི་འགན་བཞེས་མཁན་སྐུ་ངོ་སྐལ་བཟང་ཡེ་ཤེས་སྐོར་ལ་བཀའ་མོལ་མང་པོ་ཞིག་བྱུང་སོང་། དེ་ཚོ་ཡིན་ནའང་ཐུགས་ཁག་ཡོད་མ་རེད། མི་ཚེ་གང་པོར་བོད་སྤྱི་བའི་དོན་དང་བོད་མིའི་སྤྱི་ཚོགས་ཀྱི་ཐོག་ཏུ་ལས་ཀ་བྱེད་དུས། མཐའ་མ་དེ་ལ་གཅིག་འགྲིག་གི་མེད་པའི་བཟོ་འདྲའི་རྣམ་པ་འདྲ་པོ་ཆགས་ཡོང་དུས་ཐུགས་ལ་ཕོག་གི་རེད། ཐུགས་ཁག་ཡོད་པ་མ་རེད། སྐུ་ངོ་སྐལ་བཟང་ཡེ་ཤེས་ལགས་ལས་ཁུངས་ལ་གདན་འདྲེན་ཞུས་ཏེ་འགྲེལ་བཤད་ཞུས་པ་ཡིན། ཐུགས་ཁག་ཡོད་པ་མ་རེད། ཡིན་པ་ཡིན་ནའང་། སྒྲིག་འཛུགས་ཤིག་ཡིན་དུས་ལས་དོན་བྱེད་ཕྱོགས་དེ་ཚགས་ཚུད་པོ་ཞིག་བྱུང་བ་ཡིན་ན། མི་ ༤༦༠ ཙམ་ཞིག་ལ་ལས་ཀ་སྤྲོད་ཀྱི་ཡོད་པ་རེད། ད་དུང་ཕ་གིར་སློབ་གཉེར་བྱེད་ཀྱི་ཡོད་ནའང་རེད། ལས་ཀ་བྱེད་ཀྱི་ཡོད་ནའང་རེད། དེ་བཞིན་བོད་པའི་སྒྱུ་རྩལ་ཤིང་བརྐོས་ཡིན་ནའང་རེད། དེ་དག་ཚང་མ་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་བྱེད་པའི་ལས་ཀ་རླབས་ཆེན་གནང་གི་ཡོད་པ་རེད། དེ་འདྲ་ཡིན་དུས། ལས་ཀ་རླབས་ཆེན་གནང་བཞིན་པའི་སྐབས་དེར། གནང་བ་བཞིན་དུ་རྩིས་ཀྱི་འགྲོ་སྟངས་ཡིན་ནའང་རེད། འཛིན་སྐྱོང་གི་འགྲོ་སྟངས་ཡིན་ནའང་རེད། ཁྲིམས་དང་སྒྲིག་གཞིར་གང་ཡོད་པ་དེ་དག་ཏག་ཏག་ཅིག་འགྲོ་ཐུབ་པ་ཡིན་ན། དེ་བས་ཀྱང་གཟི་བརྗིད་ཆེ་རུ་འགྲོ་རྒྱུ་དེ་རེད། གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་བཙུགས་པ་རེད་ཅེས་ཟེར་དུས། དེ་ཡིས་སྤྱི་ཚོགས་ནང་ལ་ད་དུང་གནས་ཚུལ་སྡུག་ཏུ་གཏོང་རྒྱུ་ཡིན་པའི་བཟོ་འདྲ་བ་ཞིག་ལ་བལྟས་བསྡད་པ་ཡིན་ན། དེ་ཡང་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། གྲོས་ཚོགས་ཀྱི་ཚོགས་ཆུང་འཛུགས་པའི་སྐབས་སུ་ང་ཚོས་དེ་གཙང་མ་བཟོ་ཆེད་དུ་འཛུགས་ཀྱི་ཡོད་པ་མ་གཏོགས། སྡུག་ཏུ་གཏོང་ཆེད་དང་། སྐྱོ་རུ་གཏོང་ཆེད་དུ་འཛུགས་ཀྱི་ཡོད་པ་མ་རེད། དཔེར་ན། ཤེས་ཡོན་ཚོགས་ཆུང་ལྟ་བུར་མཚོན་ན། དེ་སྔོན་ཤེས་ཡོན་ཚོགས་ཆུང་འཛུགས་རྒྱུའི་ཐག་གཅོད་བྱེད་པའི་སྐབས་སུ་འཛིན་སྐྱོང་གི་ངོས་ནས་ཐུགས་འཚབ་གང་ལ་གང་འཚམ་གནང་བ་རེད། ཡིན་ནའང་ཚོགས་ཆུང་བཙུགས་ནས་སྙན་ཐོ་ཞིག་དོན་ཡོང་དུས། དངོས་ཡོད་གནས་སྟངས་གང་ཡིན་པ་དེ་འདོན་གྱི་ཡོད་པ་རེད། དེས་ཐུགས་ཕན་ཞིག་གསོས་ཀྱི་འདུག དེ་ཚོའི་ཐོག་མ་འོངས་པར་འཛིན་སྐྱོང་གི་ངོས་ནས་ཡིན་ནའང་། གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་བཙུགས་པ་རེད་ཟེར་དུས། འཛིན་སྐྱོང་གི་ངོས་ནས་ཡིན་ནའང་འདྲ། སྒྲིག་འཛུགས་ཤིག་གི་ངོས་ནས་ཡིན་ནའང་འདྲ། ཐུགས་འཚབ་གནང་དགོས་དོན་ཡོད་པ་མ་རེད། དེར་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་པ་དེ་ཇི་མ་ཇི་བཞིན་མར་བཏོན་ཡོང་གི་ཡོད་པ་རེད། དེས་སྤྱི་ཚོགས་ཀྱི་ནང་དུ་གཙང་མ་ཆགས་ཀྱི་ཡོད།

དེ་བཞིན་བོད་ཕྲུག་ཁྱིམ་སྡེ་ལྟ་བུ་ཡིན་ནའང་། བོད་ཕྲུག་ཁྱིམ་སྡེ་གནས་ཚུལ་དེ་དག་འདིར་གླེང་ཡོང་སྐབས་དེས་རླབས་ཆེན་གྱི་བྱ་བ་གནང་གི་ཡོད། སློབ་ཕྲུག་སྟོང་ཕྲག་མང་པོ་དེ་ལྟ་བུར་མ་འོངས་པའི་འགྲོ་སྟངས་ཤིག་བཟོ་ཡི་ཡོད་རེད། དེ་ལྟ་བུའི་རྒྱ་ཆེན་པོའི་ཕྱག་ལས་ཤིག་གནང་སྐབས། ཆུང་ཚགས་འགའ་ཤས་གྲོས་ཚོགས་ཀྱི་ནང་དུ་གླེང་བའི་རྒྱུ་མཚན་ལ་བརྟེན་ནས། སྒྲིག་འཛུགས་འདིར་མཐོང་ཆུང་དུ་འགྲོ་ཡི་ཡོད་པའི་གནས་སྟངས་དེ་འདྲ་ཆགས་པ་ཡིན་ན། དེ་ཡང་ཏག་ཏག་སྡོད་ཀྱི་མ་རེད། དེས་ན་རླབས་ཆེན་གྱི་བྱ་བ་གནང་བ་ནང་བཞིན་བྱས་ནས། ཕལ་ཆེར་དེ་སྔོན་གྱི་གྲོས་ཚོགས་དེ་ཚོགས་པའི་རྗེས་སུ། གྲོས་ཚོགས་ཚོགས་དུས་དགུ་པའི་རྗེས་སུ་ཤེས་རིག་ལས་ཁུངས་ནས་འགན་གང་ལ་གང་འཚམ་ཞིག་བཞེས་ནས། རྩིས་སྙན་རེ་རེའི་ཐོག་ལ་གོ་བསྡུར་གནང་། འབྲེལ་ཡོད་ལས་བྱེད་མར་ཕེབས་ནས་མང་པོ་ཞིག་གཙང་མ་ཆགས་ཡོད་རེད།

དེ་བཞིན་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུའི་ཐོག་ལ་ཡིན་ནའང་། ད་གིན་གྱི་སྙན་ཐོ་ནང་ལའང་དེ་གསུངས་ཡོད་པ་རེད། དགེ་རྒན་གྱི་མཐུན་རྐྱེན་སྦྱོར་བ་དང་། ང་ཚོས་ཤར་བསྐྱོད་བྱེད་པར་དཀའ་ངལ་མེད་ཅེས་དང་། དེ་ཤེས་རིག་ལས་ཁུངས་ནས་ཚང་མ་སྤྲོད་རོགས་གྱིས་ཞེས་བརྗོད་ན། དེ་ཡང་ཁག་པོ་ཞིག་ཆགས་ཡོད་རེད། བོད་ཕྲུག་ཁྱིམ་སྡེ་རང་གི་ངོས་ནས་དགེ་རྒན་གསོ་སྐྱོང་ག་ཚོད་བྱ་དགོས་ཀྱི་ཡོད་མེད་དེ་དག་ལའང་བསམ་བློ་བཏང་ནས། ད་ལྟ་ལ་དྭགས་ལ་འགོ་བཙུགས་པ་ནང་བཞིན་སློབ་གྲྭ་ཚང་མར་མཉམ་དུ་སྡེབ་གཅིག་ལ་མཐུན་རྐྱེན་མ་འདང་བའི་དབང་གིས་ཡོང་གི་མེད་པ་ཡིན་ན། རིམ་པ་རིམ་པས་བང་ཞིག་བསྒྲིགས་ཏེ་འཆར་གཞི་ཞིག་བཟོས་ནས། ལག་བསྟར་བྱ་ཐུབ་པ་ཡིན་ན། ད་ལྟའི་རླབས་ཆེན་གྱི་བྱ་གཞག་དེའི་ཐོག་ལ་དངོས་གནས་དྲང་གནས་ཀྱི་གཟེངས་སུ་ཐོན་པ་ཡོང་རྒྱུའི་ལམ་ཁ་དེ་ཡོད་པ་ཞིག་རེད། དེར་བརྟེན་ཚོགས་ཆུང་གི་ལས་དོན་ཚང་མར་སྤྱི་ཡོངས་ཀྱི་ཐོག་ནས་ཧ་ཅང་གི་ཡག་པོ་བྱུང་སོང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་བཞིན་བཀའ་ཤག་གི་གསལ་བཤད་གྲོས་ཚོགས་ཀྱི་ནང་དུ་གནང་བ་རེད། གསལ་བཤད་གནང་བའི་བརྒྱུད་རིམ་གྱི་ཁྲོད་ནས་གནས་ཚུལ་མང་པོ་ཞིག་གསལ་པོ་ཆགས་ཡོད་པ་རེད། ཨ་རིའི་སྲིད་གཞུང་གིས་ཀྱང་གྲོས་ཆོད་བཞག་པའི་གནས་སྟངས་དེ་དག གཙོ་བོ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱད་བཅུར་ཕེབས་པ་དང་འབྲེལ་བའི་ཐོག་ནས་གྲོས་ཆོད་དེ་བྱུང་ཡོད་རེད། གཙོ་བོ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་རང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད། དེ་བཞིན་འཛིན་སྐྱོང་གི་ངོས་ནས་འགན་འཁྱེར་དགོས་པ་དེ་འཁྱེར་ནས་ད་ལྟའི་གནས་སྟངས་དེར་དེ་འདྲ་བྱས་ནས་སླེབས་ཡོད་རེད།

རྒྱབ་ཤ་དཀར་པོའི་ལན་འདེབས་བྱ་རྒྱུ་ཡིན་ནའང་།  དེབ་ཅིག་དབུ་འབྱེད་ཀྱི་སྐབས་ལ། རང་ཉིད་ཀྱིས་ཀྱང་ཞུ་མྱོང་། རྒྱབ་ཤ་དཀར་པོའི་དེབ་ཀྱི་ལན་འདེབས་དེ་མགྱོགས་ཙམ་རྒྱག་དགོས་ཀྱི་རེད་ཅེས་དེ་དུས་ཞུས་པ་ཡིན། དེ་དུས་སྲིད་སྐྱོང་གིས་ཀྱང་རྗེས་སུ་གསལ་བཤད་གནང་སོང་། ང་ཚོར་ལན་གྲ་སྒྲིག་ཡོད། སྐབས་དང་དུས་གང་འདྲ་ཞིག་བྱ་དགོས་མིན་དེ་གནས་སྟངས་ཤིག་གི་འོག་ནས་བྱེད་ཀྱི་ཡོད་ཅེས་གསུངས་པ་བཞིན་བྱས་ནས། ད་བར་དུ་གནས་སྟངས་དེ་ཚོར་སླེབས་ཀྱི་ཡོད་རེད།

དེ་མིན་ལས་རིམ་ནང་ལ་དྲི་བ་དྲིས་ལན་གྱི་དུས་ཚོད་བཞེས་པ་དང་། དེ་མིན་ཐུགས་སྣང་གཞེན་བསྐུལ། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེ་འདྲ་བྱུང་ཡོད་མ་རེད། དེ་བརྒྱུད་ནས་གནད་དོན་ཁག་ཅིག་ལ་ང་ཚོས་ཞིབ་ཚགས་ཙམ་ཞིག་ནས་གོ་བསྡུར་བྱེད་པའི་དུས་ཚོད་བྱུང་ཡོད། ལས་རིམ་དང་འབྲེལ་བའི་ཐོག་ནས་དེ་འདྲ་ཞིག་ཡིན།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོའི་སྐུ་ཕྱྭ་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ཀྱི་ནང་ལ་གླེང་སློང་བྱུང་ཡོད་པ་རེད། ལྷག་པར་དུ་ཉེ་བའི་ཆར་ Los Angeles, University of California Irvine ལ་བྱུང་བའི་གནས་ཚུལ་ U.C.I གནས་ཚུལ་དེ་དག་རེེད། དེ་ལྟ་བུར་མཚོན་ན། ཚོགས་གཙོ་ད་ལོ་ཕྱི་ཟླ་ ༧ པར་ཨ་རིར་ཕྱིན་པའི་སྐབས་ལ་ Seattle Portland, California, Loss Angeles, ས་ཆ་ཚང་མར་ཕྱིན་པ་ཡིན། གང་ལྟར་ནུབ་ངོས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ས་ཆ་བཞི་ལ་ཕྱིན་པ་ཡིན། ཚང་མའི་བསམ་ཚུལ་གཅིག་གྱུར་རེད་འདུག ཧ་ཅང་གི་ཐུགས་འཚབ་གནང་གི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་། ཕ་གིའི་ U.C.I ལ་གནས་ཚུལ་བྱུང་ཡོད་པ་དེ་དང་འབྲེལ་བའི་ཐོག་ནས་གོ་སྒྲིག་ཞུ་མཁན་གྱི་གནས་ཚུལ་དེ་ཆགས་པ་རེེད། གོ་སྒྲིག་ཞུ་མཁན་སུ་ཡིན་མིན་དྲ་རྒྱའི་ནང་ལ་གཟིགས་པ་ཡིན་ན་ཤེས་ཀྱི་རེད་ཅེས་ཁ་སང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་ཡོད་པ་རེད། ང་ཡང་ཕ་གིར་འགྲོ་བའི་སྐབས་ལའང་གནས་ཚུལ་མང་པོ་ཞིག་གསུང་གི་འདུག ང་རང་གིས་བཤད་དགོས་པ་ཏོག་ཙམ་བཤད་པ་ཡིན། རྗེས་སུ་དྲི་བ་དྲིས་ལན་ཡོད་ན་གཏོང་རོགས་ལབ་དུས། གནས་ཚུལ་དེ་རང་གི་ཐོག་ལ་བོད་རིགས་སྤྱི་མཐུན་ཚོགས་པ་དང་ལས་ཀ་བྱེད་མཁན། མི་མང་བཅས་ཀྱིས་དེའི་ཐོག་ལ་བསམ་ཚུལ་ཤུགས་ཆེན་པོ་ཡོང་ནས། ཁོང་ཚོར་ཡང་ངས་ཞུས་པ་ཡིན། སྤྱིར་བཏང་ཁོང་ཚོས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ལ་ངག་ཐོག་ནས་ཞུས་འདུག གང་བྱུང་བ་དེ་ཡིག་ཐོག་ལ་བཀོད་ནས་ཡར་བཏང་བ་ཡིན་ན། ཁྱད་པར་ཞིག་ཡོད་ཅེས་ཞུས་པ་ཡིན། ཁ་སང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བཞིན་ང་ལའང་དེ་འདྲ་ཞིག་འབྱོར་བྱུང། འབྲེལ་བ་ཆགས་ས་དེ་མིང་བཏོན་ན་ཡག་གི་རེད་བསམ་གྱི་འདུག ཐེར་འདོན་རང་བྱས་ན། རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་བསྟན་འཛིན་དོན་ལྡན་རེད། དེང་སང་མང་ཆེ་བ་ཨ་རི་ལ་བཞུགས་ཀྱི་ཡོད་རེད། ཁོང་ལའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡིད་ཆེས་གནང་ནས། ཁོང་རང་གིས་ཞུས་པ་དེ་དག་ལ་བཀའ་འཁྲོལ་རག་ནས་གོ་སྒྲིག་དེ་གནང་བ་རེད། ༸རྒྱལ་བ་རིན་པོ་ཆེས་ཡིད་ཆེས་གནང་བ་བཞིན་དུ་ཁོང་རང་གི་ཡིན་ནའང་འགན་འཁྱེར་སྟངས་དེ་ཡག་པོ་བྱས་ནས་འཁྱེར་བ་ཡིན་ན། ད་ལྟའི་གནས་ཚུལ་དེ་ཆགས་ཀྱི་མ་རེད་བསམ་གྱི་ཡོད། དེའི་ནང་ནས། གཅིག་ཁ་སང་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་གསུངས་པ་རེད། གང་ཟག་སུ་ཡིན་མིན་ཤེས་ཀྱི་ཡོད། དེའི་རྒྱབ་ལྗོངས་ཀྱང་ཤེས་ཀྱི་ཡོད། ༸རྒྱལ་བ་རིན་པོ་ཆེ་ལ་དད་པ་ཞུ་མཁན་ཞིག་རེད། ༸རྒྱལ་བ་རིན་པོ་ཆེས་ཡིད་ཆེས་ཡོད་ས་ཞིག་རེད། ཡིན་ནའང་ཁོང་རང་སྒེར་གྱི་སྤྱོད་པ་དང་རྣམ་འགྱུར་སྟོན་སྟངས་དང་། ལས་ཀ་བྱེད་སྟངས་དེ་ཚོའི་ཐོག་ནས་གནས་ཚུལ་དེ་ཆགས་པ་རེད། དེར་བརྟེན་ U.C.I ལ་དོལ་རྒྱལ་སྟེན་མཁན་དེ་དག་ལ་ངོ་རྒོལ་བྱེད་རྒྱུར་ཆོག་མཆན་སྤྲད་ཡོད་པ་དེ་ཡང་། ཁོ་རང་གིས་ཤེས་ཀྱི་ཡོད་རེད། བོད་རིགས་སྤྱི་མཐུན་ཚོགས་པ། ད་ལྟའི་བཀའ་ཤག་གི་སྐར་རྟགས་ཅན་གྱི་དྲིས་ལན་ཞིག་གི་ནང་ལ་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་ལས་འགན་དེ་ཚོ་བོད་རིགས་སྤྱི་མཐུན་ཚོགས་པ་ལ་ཡོད་པའི་གནས་སྟངས་ཤིག་ཡིན་པར་འགྲེལ་བཤད་བརྒྱབ་ཡོད་རེད། བོད་རིགས་སྤྱི་མཐུན་ཚོགས་པ་ཚོས་འགན་ཁུར་དགོས་ཀྱི་ཡོད་པ་ཡིན་ན། གོ་སྒྲིག་ཞུ་མཁན་དང་ཐུན་མོང་གི་ཐོག་ནས་གོ་བསྡུར་བྱས་ནས་ཡོང་དགོས་རྒྱུ་ཞིག་རེད་མ་གཏོགས། བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཧ་ཅང་གི་འབད་བརྩོན་མང་པོ་བྱས་འདུག ཕ་གིར་༸རྒྱལ་བ་རིན་པོ་ཆེ་ཕེབས་བསུ་ཞུ་རྒྱུའི་ཆེད་དུ་ཆོག་མཆན་ཞུ་རྒྱུས་མཚོན་པའི་གནས་ཚུལ་དེ་རེད། འོན་ཀྱང་ཕ་གིར་དེ་བཤད་ཡོང་དུས་འབྲེལ་ཡོོད་དེ་བསྟན་འཛིན་དོན་ལྡན་རེད། བསྟན་འཛིན་དོན་ལྡན་ལ་སྐད་ཆ་མ་དྲིས་ན་མ་གཏོགས་ཡོང་གི་མ་རེད་ཅེས་གང་ལྟར་ཆོག་མཆན་མ་སྤྲད་པར་འཇོག་དགོས་པའི་གནས་སྟངས་ཀྱང་དེ་འདྲ་བྱས་ནས་བྱུང་། དེའི་རྗེས་སུ་གནས་ཚུལ་དེ་བྱུང་བ་རེད། དེ་ཡིན་དུས་ཁོ་རང་གིས་དེའི་སྐབས་སུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཁོང་ཚོ་ U.C.I ལ་བཅར་ཏེ་ Katrina ཐུག་རྒྱུ་སོགས་བྱས་པ་ཚང་མ་ཁོ་རང་གིས་ཤེས་དུས། ཁྱེད་རང་ཚོས་ངའི་ལས་རིགས་ནང་ལ་ཐེ་བྱུས་བྱེད་ཀྱི་འདུག་ཅེས་ཚོགས་གཏམ་ཞེ་དྲག་བཏང་འདུག དེ་ནས་དོན་གཅོད་ཀྱིས་འགན་ཁུར་ཡོད་མེད་ཀྱི་སྐད་ཆ་དེ་འདྲའང་བྱུང་ཡོད་རེེད། དོན་གཅོད་ཀྱིས་ཡིན་ཡང་ཐབས་ཤེས་བྱས་འདུག བཀོད་མངགས་གནང་འདུག ལས་བྱེད་བཏང་འདུག འོན་ཀྱང་དེ་དག་ཆ་ཚང་བརྩིས་མེད་དུ་བཏང་འདུག ཁོང་ཚོ་ལ་གང་ལབ་འདུག་ཅེ་ན། ཚེས་ ༥ ནས་ ༧ བར་གྱི་ལས་རིམ་དེ་ངས་གོ་སྒྲིག་ཞུ་ཡི་རེད། དོན་གཅོད་དང་འབྲེལ་བ་ཡོད་མ་རེད། བྱུས་གཏོགས་ཡོད་མ་རེད་སོགས་ཀྱི་སྐད་ཆ་བཤད་ཡོད་པའི་གནས་ཚུལ་ད་ལྟ་ཁོང་ཚོས་ཕུལ་བའི་སྙན་ཞུ་དེའི་ནང་དུ་གསལ་གྱི་འདུག འོན་ཀྱང་བསྟན་འཛིན་དོན་ལྡན་རང་ལ་སྐད་ཆ་འདྲི་རྒྱུའི་གོ་སྐབས་བྱུང་མ་སོང་ལ་ཐུག་ཀྱང་མ་སོང་། དེ་མིན་པའི་གནས་ཚུལ་ཡིན་པ་ཡིན་ན་ཁོ་རང་གིས་འགྲེལ་བཤད་རྒྱག་རྒྱུ་ཞིག་དགོས་ཀྱི་ཡོད་རེད། དེ་ཡིན་དུས་གང་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡིད་ཆེས་གནང་བ་བཞིན་དུ་ཁོ་རང་གིས་སྐུ་ཕྱྭའི་འགན་ཆ་ཚང་འཁུར་ཐུབ་ཀྱི་ཡོད་ན། འཁུར་ཐུབ་ཀྱི་ཡོད་པའི་ཐོག་ནས་གནང་དགོས་ཀྱི་འདུག་མ་གཏོགས། ང་ཚོ་ཚང་མ་ལ་༸སྐུ་མདུན་གྱི་༸སྐུ་ཕྱྭ་ལ་སེམས་འཚབ་ཡོད་རེད། དེ་ཡིན་དུས་མི་གཅིག་གཉིས་ཤིག་ཧ་ཅང་གི་དབང་ཆེན་པོ་ཆགས་ནས་དེ་འདྲ་བྱེད་སྐབས་ཏག་ཏག་ཅིག་མ་བསྡད་པ། ཕྱིས་སུ་ཁོང་ཚོས་སྐད་ཆ་གང་བཤད་ཀྱི་ཡོད་རེད་ཅེ་ན། མ་འོངས་པར་ང་བོད་རིགས་སྤྱི་མཐུན་ཚོགས་པ་ཟེར་མཁན་དེ་དང་མཉམ་དུ་ལས་ཀ་རྩ་བ་ནས་བྱེད་ཀྱི་མིན་ཞེས་པའི་སྐད་ཆ་དེ་འདྲའང་བཤད་འདུག དེ་ལྟར་བྱས་པ་ཡིན་ན་མ་འོངས་པར་ཁོ་རང་གིས་སྐུ་མདུན་ཆིབས་བསྒྱུར་གདན་ཞུ་བྱ་སའི་ས་ཆ་དེ་ཚོ་ལ་ད་ལྟ་ཕྱི་ཟླ་བཅུ་པའི་ནང་དུའང་ཆིབས་བསྒྱུར་ཞིག་ཡོད་རེད། དེའི་སྐབས་སུ་ཡང་གང་འདྲ་ཆགས་ཀྱི་རེད་དམ། གལ་སྲིད་བོད་པ་མེད་པ་ཡིན་ན་དེའི་གནས་སྟངས་དེ་དག་ཆ་ཚང་ཁོ་རང་གཅིག་པུས་བྱེད་ཐུབ་ཀྱི་ཡོད་རེད་དམ་མ་རེད། རྩ་བའི་འགན་ཆེན་པོ་བཞེས་ཀྱི་ཡོད་ས་རེད། མིང་ཡང་ཆེན་པོོ་འདུག འགན་དང་མིང་ཆེན་པོ་ཡོད་པ་གཞིར་བཟུང་ཕྱག་ལས་གནང་སྟངས་དང་། སྤྱོད་པ་སྟོན་སྟངས། སྐད་ཆ་བཤད་སྟངས། མི་ལ་མཐུན་སྒྲིལ་བྱེད་རྒྱུ་དེ་ཚོར་གཟབ་གཟབ་བྱས་ཏེ་གནང་བ་ཡིན་ན། ང་ཚོ་ཚང་མ་ལ་སྐད་ཆ་དེ་ཡོང་དགོས་རྒྱུ་ཡོད་མ་རེད་བསམ་གྱི་ཡོད། དེར་བརྟེན་དེ་རིང་གྲོས་ཚོགས་འདི་བརྒྱུད་དེ་བཀའ་བཏང་རྒྱུ་གང་ཡང་ཡོད་མ་རེད། འབོད་སྐུལ་ཞུ་ཡི་ཡོད། དགའ་ལྡན་ཕོ་བྲང་ནས་ཡིན་ཡང་དགོངས་པ་བཞེས་དགོས་ཀྱི་འདུག སུ་དང་འབྲེལ་བ་ཆགས་ཀྱི་ཡོད་ཀྱང་དགོངས་པ་བཞེས་དགོོས་ཀྱི་འདུག དེ་བཞིན་འབྲེལ་ཡོད་གང་ཟག་སོ་སོ་ཡིན་ཡང་དགོངས་པ་བཞེས་དགོས་རྒྱུ་དེ་གནད་འགག་རེད་འདུག་ཅེས་དེ་གཅིག་ཞུ་རྒྱུའི་འདོད་པ་བྱུང་།

དེ་ནས་གྲོས་ཚོགས་ཀྱི་ཕྱི་ལོགས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་ད་གིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བཞིན་བྱས་ཏེ། ཞི་འཇགས་ཤིག་གི་ཐོག་ནས་མཇུག་འདྲ་ཞིག་སྒྲིལ་ཐུབ་ཡོད་རེད། མ་འོངས་པར་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ད་ལྟ་ཞུ་ཚོད་ཐིག་གི་མ་རེད། བརྒྱུད་རིམ་དེ་མང་ཚོགས་ཀྱི་མཁྱེན་རྟོགས་ཀྱི་ཆེད་དུ་གཅིག་ཞུས་པ་ཡིན་ན། ཁ་སང་ང་ཚོ་གྲོས་ཚོགས་ཚོགས་རྒྱུའི་འགོ་འཛུགས་པའི་ཉིན་དང་པོ་དེ་རང་ལ་དགོས་འདུན་དོན་ཚན་ལྔ་ཞིག་བཏོན་ནས་ང་ཚོར་ཕུལ་བ་རེད། དེའི་རྗེས་སུ་ང་ཚོ་སྤྱི་འཐུས་རྒྱུན་ལས་ཚོགས་པ་ཡིན། སྤྱི་འཐུས་རྒྱུན་ལས་ཚོགས་རྗེས་སྤྱི་འཐུས་བཞུགས་མོལ་ཚོགས་འདུ་ཚོགས་པ་རེེད། སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ནང་ལ་སྤྱི་འཐུས་གྲངས་ཉི་ཤུ་རྩ་བརྒྱད་རྩ་དགུ་ཞིག་གིས་དགོངས་ཚུལ་གསུངས་ནས་ཁ་སང་རང་གྲོས་ཚོགས་སུ་ཁུར་ཚར་བའི་གནད་དོན་ཞིག་ཡང་བསྐྱར་ཁུར་རྒྱུ་དེ་རེད། ལྷག་པར་དུ་ཁོ་རང་ཚོའི་ངོས་ནས་རྣམ་འགྱུར་སྟོན་སྟངས་དེ་འདྲ་དང་འབྲེལ་བའི་ཐོག་ནས་གནས་ཚུལ་དེ་འདྲ་བྱུང་བསྡད་ཡོད་རེད། དེར་བརྟེན་དེའི་སྐབས་ཀྱི་གནས་སྟངས་གང་ཡིན་པ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཚོགས་གཙོ་སྦྲེལ་པོ་བཅས་གསུམ་ཀ་མར་བཅར་ཏེ་ཞི་རྒོལ་བྱེད་མཁན་གྱི་ཚོགས་མི་ཚང་མ་ལ་ང་ཚོས་འགྲེལ་བཤད་ཆ་ཚང་ཞིག ད་ལྟ་བར་དུ་ང་ཚོས་བདག་པོ་མ་བརྒྱབ་པ་མ་ཡིན་པ། བདག་པོ་བརྒྱབ་ནས་གྲོས་ཚོགས་ཚོགས་དུས་དགུ་པའི་ནང་ལ་བསླེབས་པ། དེ་ནས་མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས་གཏན་ལ་འབེབས་མ་ཐུབ་པའི་གནས་སྟངས་དེ་ཚོ་ཆ་ཚང་ཞིག་འགྲེལ་བཤད་བརྒྱབ་པ་ཡིན། སློབ་གསོ་རྒྱག་རྒྱུ་དེའང་ལས་འགུལ་སྤེལ་སྟངས་ཀྱི་རྣམ་འགྱུར་སྟོན་སྟངས་རེད། སྙན་ཞུ་ཕུལ་སྟངས་རེད། དེ་དག་ཚང་མ་ལ་བརྒྱབ་པ་རེད། ཡིན་ན་ཡང་དེ་རྗེས་སུ་ཁོ་རང་ཚོས་ཟས་བཅད་ངོ་རྒོལ་དུ་མི་དགུ་ཙམ་བཞུགས་ནས། དེ་བྱས་པའི་རྗེས་སུ་ཡང་བསྐྱར་རྒྱུན་ལས་ཚོགས་པ་ཡིན། བཀའ་ཤག་དང་བཀའ་བསྡུར་ཞུ་དགོས་པ་དེ་ཡང་ཞུས་པ་ཡིན། དེ་བཞིན་བཀའ་ཤག་ནས་ཀྱང་ནང་ཁུལ་ཚོགས་འདུ་ཚོགས་ཏེ་དུས་ཚོད་མང་པོ་ཞིག་བཏང་ཡོད་རེད། ཡང་ང་ཚོ་སྤྱི་འཐུས་ལྷན་ཚོགས་ནས་སླར་ཡང་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དེ་ཚོགས་ཏེ། དེའི་ནང་དུ་གནས་ཚུལ་ཚང་མ་གླེང་སྟེ་ཁོ་རང་ཚོས་དགོས་འདུན་དོན་ཚན་བདུན་ཞིག་བཏོན་ཡོད་རེད། དགོས་འདུན་དོན་ཚན་བདུན་གྱི་ནང་ནས། དང་པོ་དེ་ཆོས་རིག་ལས་ཁུངས་གཙོས་པའི་བཙན་བྱོལ་ནང་ཡོངས་གྲགས་བཀོལ་སྤྱོད་བྱེད་བཞིན་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཟེར་བ་དེ། ཆོས་བརྒྱུད་ཆེན་པོ་ལྔ་དང་གཡུང་དྲུང་བོན་ཞེས་བཟོ་དགོས་ཀྱི་འདུག་ཅེས་པ་དེ་རེེད། དེར་འགྱུར་བ་གཏོང་བར་ཆོས་དོན་ལྷན་ཚོགས་ཀྱི་སྒྲིག་གཞི་དེར་འགྱུར་བ་གཏོང་དགོས་ཀྱི་ཡོད་རེད། ཆོས་དོན་ལྷན་ཚོགས་ཀྱི་སྒྲིག་གཞིར་འགྱུར་བ་གཏོང་བར་བསྐྱར་བཅོས་ཀྱི་ཆ་རྐྱེན་ཞིག་ཡོད་རེད། ཆ་རྐྱེན་དེའི་ནང་དུ་ག་རེ་འཁོད་ཡོད་རེད་ཅེ་ན། ཆོས་དོན་ལྷན་ཚོགས་ཀྱི་རྒྱབ་གཉེར་ལྟར་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱིས་གཏན་འབེབས་བྱ་རྒྱུ་ཞེས་གསལ་ཡོད་རེད། དེ་བྱེད་དུས་ཆོས་དོན་ལྷན་ཚོགས་དེ་འཛུགས་ཐུབ་ཡོད་མ་རེད། དེ་འཛུགས་མ་ཐུབ་དུས་ཆོས་དོན་ལྷན་ཚོགས་ཀྱི་རྒྱབ་གཉེར་ཡོང་རྒྱུ་ཡོད་མ་རེད། ཆོས་དོན་ལྷན་ཚོགས་ཀྱི་རྒྱབ་གཉེར་ཡོང་རྒྱུ་མེད་དུས་བསྐྱར་བཅོས་བྱ་རྒྱུའི་ཆ་རྐྱེན་དེ་ཚང་ཐུབ་ཀྱི་ཡོད་མ་རེད། དེ་ཡང་ཁོ་རང་ཚོར་འགྲེལ་བཤད་ཞུས་པ་ཡིན། ད་ལྟ་ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱིས་མར་བཏང་བཞག་པ་དེར་འགྲེལ་བཤད་དེ་ག་རང་ཞུས་ཡོད།

དམིགས་བསལ་ཚོགས་ཆེན་དང་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ནང་དུ་ཆོས་བརྒྱུད་གཞན་པའི་ཐོབ་ཐང་དང་གཅིག་མཚུངས་དགོས་ཀྱི་འདུག་གསུངས་པ་དེ། དོན་ཚན་གཅིག་རེད། དེའི་ཐོག་ལ་ཡིན་པ་ཡིན་ན་དམིགས་བསལ་ཚོགས་ཆེན་དང་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཟེར་བ་དེ་འདས་པའི་ལོ་ཁ་ཤས་ཤིག་གི་ནང་དུ་ཚོགས་ཡོད་མ་རེད། དམིགས་བསལ་ཚོགས་ཆེན་བཅའ་ཁྲིམས་ཀྱི་དོན་ཚན་ ༥༩ ཡི་ཆ་རྐྱེན་འོག་ནས། བོད་སྤྱི་པའི་རྩ་དོན་གལ་ཆེན་པོ་དང་ཛ་དྲག་པོ་དེ་འདྲའི་སྒང་ལ་ཚོགས་ན་མ་གཏོགས། ཡང་ཡང་ཚོགས་རྒྱུའི་གནས་སྟངས་དེ་མ་རེད། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དེ་ཁ་སྔོན་དམིགས་བསལ་ཚོགས་ཆེན་གཅིག་ལ་སྐུ་མདུན་གྱིས་བཀའ་སློབ་གནང་ནས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་རྒྱུ་དེ་དེ་འདྲ་བྱས་ནས་ཆགས་པ་རེད། དེ་ཚོའི་གནས་སྟངས་ཡིན་པ་ཡིན་ན་ཚོགས་མི་སུ་ཡོང་དགོས་ཀྱི་ཡོད་དང་། གང་དུ་ཚོགས་དགོས་ཀྱི་ཡོད། ག་དུས་ཚོགས་དགོས་ཡོད། དེ་དག་ཆ་ཚང་ཞིག་གྲོས་ཆོད་ཀྱི་ལམ་ནས་གཏན་འབེབས་བྱེད་དགོས་ཀྱི་ཡོད་རེད། དེའི་སྐབས་སུ་སོ་སོ་སོ་སོར་སྔོན་མ་ཚོགས་མི་གཅིག་གི་ས་མིག་ཅིག་ཕུལ་ཡོད་རེད། དེའི་སྒང་ལ་སྤར་ཆ་ཞུ་དགོས། གྲོས་ཚོགས་ཀྱི་ངོས་ནས་ཀྱང་སྤར་ཆ་ག་ཚོད་བྱ་དགོས་ཡོད་མེད་དེ། སྐབས་དེར་སོ་སོ་སོ་སོ་ལ་བལྟས་ཏེ་སྤར་ཆ་ཞུ་རྒྱུ་དང་། འཛིན་སྐྱོང་གི་ངོས་ནས་ཀྱང་ང་ཚོ་དང་ལངས་ཕྱོགས་གཅིག་པ་བྱས་ཏེ། ཁོང་ཚོར་ལན་ཕུལ་ཡོད་རེད། དེ་བཞིན་དུ་ཆོས་བརྒྱུད་ཀྱི་ཚོགས་ཆེན་སྐབས་སུ་རེད། དེ་ཚོར་འཛིན་སྐྱོང་ལ་ཞུས་ནས། འཛིན་སྐྱོང་གི་ངོས་ནས་སྐབས་དང་དུས་སོ་སོར་ཚོགས་ཆེན་གང་འདྲ་ཚོགས་ཀྱི་ཡོད་པ་ཡིན་ནའང་། དེའི་སྐབས་སུ་ཁྱེད་རང་ཚོས་སྙན་ཞུ་བརྒྱབ་པ་ཡིན་ན། འཛིན་སྐྱོང་ནས་ད་ལྟ་ལས་གནས་སྟངས་ཡག་པ་ཞིག་དགོངས་བཞེས་གནང་ཐུབ་རྒྱུ་ཞིག་ལ་ངོས་བཞེས་གནང་ཡོད་རེད།

ཤེས་རིག་ལས་ཁུངས་ཀྱིས་འགྲེམས་སྤེལ་བྱས་པའི་སློབ་དེབ་ཁག་གི་ནང་དུའང་ཇོ་ནང་ཆོས་བརྒྱུད་ཀྱི་ཆོས་འབྱུང་དེ་ཚོ་ཡར་འཇུག་དགོས་ཀྱི་འདུག་ཅེས་པ་དེ། སྔོན་མ་སྐབས་གོང་མའི་བཀའ་ཤག་སྐབས་བཅུ་གསུམ་པའི་སྐབས་ནས་ཁོ་རང་ཚོས་ཡར་ཞུས་པ་དང་། བཀའ་ཤག་སྐབས་བཅུ་གསུམ་པའི་ཤེས་རིག་བཀའ་བློན་གྱི་ཐོག་ནས་ཡོངས་ཁྱབ་བཀོད་ཁྱབ་བཏང་པ་དེ་འདྲ་འདུག ད་ལྟའི་འཛིན་སྐྱོང་གི་ངོས་ནས་ཡིན་ན་ཡང་། མུ་མཐུད་ནས་དེ་མཇུག་སྐྱོང་བྱ་རྒྱུའི་གནས་སྟངས་ཤིག་ལ་ངོས་བཞེས་གནང་ཡོད་པ་འདྲ། ཆོས་རིག་ལས་ཁུངས་ཀྱིས་ཚོགས་འདུ་ཚོགས་པ་དེ་ཚོའི་ནང་དུ་རིགས་གཅིག་རྐང་འཛིན་དང་། མཁས་པའི་ཚོགས་འདུ་ཟེར་བ་དེ་ཚོའི་ནང་དུ། རིགས་གཅིག་རྐང་འཛིན་ལ་ཁོང་ཚོར་ས་མིག་གཅིག་ཕུལ་ཡོད་ས་རེད། དེ་བཞིན་གྲངས་ཀ་གཅིག་ཙམ་ཞིག་ཡར་སྤར་དགོས་ཀྱི་ཡོད་ན་དེ་རེད། གཞན་མཁས་པའི་བགྲོ་གླེང་དེ་ཚོར་སྐབས་དང་དུས་སོ་སོར་གང་འདྲ་བྱེད་དགོས་ཀྱི་ཡོད་མེད། དེ་ཚོ་འཛིན་སྐྱོང་གིས་ངོས་བཞེས་གནང། བཅའ་ཁྲིམས་ཀྱི་ནང་དུ་སྤྱི་འཐུས་ཀྱི་ཐོབ་ཐང་དེ་རེད། སྤྱི་འཐུས་ཀྱི་ཐོབ་ཐང་དེ་གོང་དུ་ཞུས་པ་བཞིན་རེད། གལ་སྲིད་སྤྱི་འཐུས་ཀྱི་ཐོབ་ཐང་དེ་མ་འོངས་པར་རག་པའི་དབང་དུ་བཏང་ན། ཐོབ་ཐང་གཞན་པ་ཚང་མ་མཉམ་དུ་རག་འགྲོ་ཡི་ཡོད་རེད། དེེར་བརྟེན། ད་ལྟའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་འདིའི་ཐོག་ནས། གྲོས་ཚོགས་ཚོགས་དུས་དགུ་པར་ཐེངས་གཅིག་ཁྱེར་བ་རེད། ད་ལྟ་བཅུ་པ་དང། བཅུ་གཅིག་གཉིས་ལས་ལྷག་ཡོད་མ་རེད། དེ་ཡིན་སྟབས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་གྲོས་ཚོགས་སྐབས་ལ་དེ་འཁྱེར་ཐུབ་རྒྱུ་ཞིག་རེད་མི་འདུག་ཅེས་ཁོ་རང་ཚོར་བརྡ་ལན་གསལ་པོ་བྱས་ནས་ཕུལ་ཡོད་རེད། མ་འོངས་པའི་སྐབས་བཅུ་དྲུག་པའི་སྐབས་སུ་ག་རེ་གནང་དགོས་ཀྱི་ཡོད་མེད་དེ། ཁོང་རྣམ་པ་ཚོས་གཟིགས་རྒྱུ་རེད། མ་འོངས་པར་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱི་ཡོད་རུང་ཁ་སང་སློབ་སྟོན་ལྟ་བུ་གསལ་པོ་ཞུས་ཡོད། རྒྱབ་སྐྱོར་རག་རྒྱུའི་རྣམ་འགྱུར་སྟོན་དགོས་ཀྱི་རེད། རྒྱབ་སྐྱོར་རག་རྒྱུའི་སྙན་ཞུ་འབུལ་དགོས་ཀྱི་རེད་ཅེས་དེ་འདྲ་ཞུས་ཡོད། ཡི་གེའི་ནང་དུ་ཚིག་རྩུབ་པོ་དང་། དེ་འདྲ་མང་པོ་བརྒྱབ་ཡོང་དུས། དེ་རང་བཞིན་གྱིས་མིའི་སེམས་ནང་ལ་ཕོག་འགྲོ་བ་ཞིག་དང་། ལས་འགུལ་སྤེལ་བའི་སྐབས་སུ་ཡིན་ནའང་། གནས་ཚུལ་གཅིག་གཉིས་ཤིག་ལྷག་ཡོང་དུས་རང་བཞིན་གྱིས་མི་མང་པོ་ཞིག་གི་སེམས་ལ་ཕོག་འགྲོ་བའི་གནས་སྟངས་དེ་ཆགས་བསྡད་ཀྱི་ཡོད་རེད། མ་འོངས་པར་ལས་འགུལ་སྤེལ་བ་ཡིན་ནའང་། ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་སྐུ་སྲུང་བ་ནས་ཆོག་མཆན་ཞུ་དགོས་པ་རྣམས་ཞུ་དགོས་ཀྱི་ཡོད་རེད། བཞུགས་ས་ཡིན་ནའང་ལོགས་སུ་གང་འདྲ་བྱས་ནས་བཞུགས་དགོས་ཀྱི་ཡོད་ཀྱང་དེར་བཞུགས། སྙན་ཞུ་འབུལ་སྟངས་ཡིན་ནའང་ཚིག་འཇམ་པོ་དང། རྒྱབ་སྐྱོར་ཐོབ་རྒྱུའི་ཆེད་དུ་བྱེད་དགོས་རྒྱུ། རྣམ་འགྱུར་སྟོན་སྟངས་ཡིན་ནའང་འཇམ་པོའི་ཐོག་ནས་བྱེད་དགོས་པ་ཡིན་པ་དེ་དག་ལ་ལམ་སྟོན་ཞུ་དགོས་པ་ཆ་ཚང་ཞིག་ཞུས་ཡོད། གྲོས་ཚོགས་ཀྱི་ངོས་ནས་ཡིན་ནའང་། མ་འོངས་པར་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམ་པ་ཚོར། ད་ལྟ་ཡོད་པའི་སྤྱི་འཐུས་ནང་ནས་ཀྱང་གང་ལ་གང་འཚམ་ཕེབས་སྲིད་པ་རེད། སྤྱི་འཐུས་གསར་པ་ཡང་གང་ལ་གང་འཚམ་ཞིག་ཕེབས་སྲིད་པ་རེད། དེའི་སྐབས་ལ་དགོངས་པ་བཞེས་རྒྱུ་རེད། ཚོགས་གཙོ་གཉིས་ལ་དཀའ་ངལ་ག་རེ་འདུག་ཞུས་ན། ངེད་གཉིས་ལ་ཐག་བཅོད་རྒྱུའི་དབང་ཆ་གང་ཡང་ཡོད་མ་རེད། ང་རང་ཚོའི་འགྲོ་སྟངས་ཀྱི་ཐོག་ནས། ངེད་གཉིས་ཀྱི་ངོས་ནས་གང་བྱེད་དགོས་འདུག རྒྱུན་ལས་ཚོགས་ན་ཨེ་དྲག བཞུགས་མོལ་ཚོགས་འདུ་ཚོགས་ན་ཨེ་དྲག དེའི་ཐབས་ལམ་འདྲ་པོ་འདོན་རྒྱུ་ཞིག་མ་གཏོགས་ཡོད་མ་རེད། ཕྱོགས་ཚང་མ་ནས་མ་ཁྲེགས་པོ་བྱས་ཡོང་དུས། དཀའ་རྙོག་གང་འདྲ་ཞིག་ཡིན་ཡང་སེལ་ཐུབ་རྒྱུ་ཡོད་མ་རེད། དེ་གསལ་པོ་གསལ་རྐྱང་རེད། དཀའ་རྙོག་དེ་མུ་མཐུད་ནས་ལྷག་ན་དགེ་མཚན་འདུག་དང་མི་འདུག་དེ་ཚོར་ཡང་བསམ་བློ་གཏོང་དགོས་རེད། བརྒྱུད་རིམ་ཆ་ཚང་ཚང་མར་ཆ་རྒྱུས་ཡོད་རེེད། དེར་བརྟེན། ང་ཚོའི་གནས་སྟངས་དེ་ད་ལྟའི་ཆར་ཞི་འཇགས་བྱུང་ཐུབ་པ་དང་། ལྷག་པར་དུ་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཛད་དཀའ་མ་ཆགས་པའི་གནས་སྟངས་སུ་གྱུར་པ་དེ། འཛིན་སྐྱོང་བཀའ་ཤག་གིས་འབད་བརྩོན་གནང་བ་དེར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་སྤྱི་འཐུས་ནང་ཁུལ་ལ་ཡིན་ནའང་བཀའ་མོལ་ལྷུག་པོར་གནང་ནས་ད་ལྟའི་གནས་སྟངས་དེ་འདྲ་ཞིག་ཏུ་སླེབས་ཐུབ་པ་དེ་ཡང་ཡག་པོ་བྱུང་སོང་བསམ་གྱི་ཡོད།

གཞན་པ། བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་དང་ང་ཚོར་གྲོས་ཚོགས་ཚོགས་དུས་གཅིག་མ་གཏོགས་ལྷག་ཡོད་མ་རེད། གྲོས་ཚོགས་ཚོགས་དུས་ ༡༡ པ་དེ་རེད། ད་བར་དུ་ང་ཚོ་ཡག་ཐག་ཆོད་འདྲ་པོ་ཞིག་ཏུ་འགྲོ་ཐུབ་སོང་སྙམ། གནས་ཚུལ་རེ་གཉིས་བྱུང་བ་རེད་མ་གཏོགས། ཡག་ཐག་ཆོད་འགྲོ་ཐུབ་པ་རེད། སྐབས་ ༡༥ པའི་སྤྱི་འཐུས་ལྷན་ཚོགས་དེ་ཡག་ཐག་ཆོད་བྱུང་སོང་ཞེས་པའི་ཐོག་ནས་མཇུག་བསྡུ་ཐུབ་ན། ང་ཚོ་ཚང་མའི་སྒེར་དང་། སྤྱི་ལའང་ཕན་ཐོགས་ཀྱི་རེད། གྲོས་ཚོགས་འདིར་རྣམ་པ་ཚོ་ཚང་མས་མཐུན་འགྱུར་ཡག་པོ་གནང་སོང། ལྷག་པར་དུ་སྤྱི་འཐུས་གཅིག་ཙམ་ཞིག་ཡིན་ནའང་། སྐུ་གཟུགས་གང་ལ་གང་འཚམ་སྐྱོ་པོ་རེད་ཀྱང་། གང་ཐུབ་ཅི་ཐུབ་ཀྱིིས་གྲོས་ཚོགས་ནང་ལ་བཅར་རྒྱུར་འབད་བརྩོན་གནང་བ་དེ་དག་ལ་དངོས་གནས་དྲང་གནས་མི་མང་གིས་རེ་བ་བཅོལ་ཏེ། སྤྱི་པའི་འགན་འཁྱེར་རྒྱུར་དུས་ཚོད་ཁས་ལེན་བྱས་པ་བཞིན་དུ་དུས་ཚོད་བཏང་བ་དེ་ཡག་པོ་རེད་བསམ་གྱི་ཡོད། བསྔགས་བརྗོད་ཞུ་རྒྱུ་ཡིན།

འོས་བསྡུའི་ཐོག་ལའང་བཀའ་མོལ་ཏོག་ཙམ་བྱུང་སོང། སྐབས་རེ་ཚོགས་གཙོས་སྟངས་འཛིན་བྱ་རྒྱུར་ཁག་པོ་ཆགས་ཀྱི་འདུག། བརྗོད་གཞི་དང་འབྲེལ་བའི་ཐོག་ནས་བཀའ་མོལ་མ་ཡོང་བ་བྱས་ནས། བཀའ་མོལ་དེ་གཡས་གཡོན་དེ་ཚོར་འཁྱོག་འགྲོ་བ་དེ་འདྲའང་ཡོང་བསྡད་ཀྱི་འདུག གང་ལྟར་ང་ཚོའི་སྲིད་སྐྱོང་གི་འོས་གཞི་ཡིན་ནའང་འདྲ། སྤྱི་འཐུས་ཀྱི་འོས་གཞི་ཡིན་ནའང་འདྲ། སུ་ཞིག་ཡིན་རུང་ང་རང་ཚོའི་སྤྱི་ཚོགས་ལ་མིག་དཔེ་སྟོན་ཐུབ་རྒྱུ་ཞིག་དང་། མ་འོངས་པའི་འོས་བསྡུའི་ནང་ལ་ཡིན་ནའང་སྔོན་མ་དེ་འདྲ་དེ་འདྲ་ཞིག་བྱས་ཡོད་རེད། དེ་རུང་བ་རེད། དེ་མ་རུང་བ་རེད། དེ་ཡག་པོ་དང་། དེ་འདྲ་ཞིག་མིག་དཔེར་བལྟ་འོས་པ་ཞིག་དང་། མིག་དཔེར་སྟོན་ཐུབ་པ་ཞིག་བཟོ་དགོས་པ་དེ། ང་ཚོ་ལས་ཀྱི་སྣེ་མོ་བའི་ལས་འགན་རེད་བསམ་གྱི་ཡོད། དེར་བརྟེན། ཚང་མས་དེ་དེ་བཞིན་གྱི་དགོངས་པ་བཞེས་ཐུབ་པ་ཡིན་ན། ཡག་པོ་ཡོད་རེད་ཅེས་ཞུ་རྒྱུ་ཡིན།

གཞན་དམིགས་བསལ་ཞུ་རྒྱུ་མི་འདུག། དུས་རྒྱུན་བཞིན་ང་ཚོ་འདིར་གྲོས་ཚོགས་འཚོགས་པའི་སྐབས་སུ་ཚོགས་དྲུང་ལས་ཁུངས་རེད། ཚོགས་དྲུང་ལས་ཁུངས་ཀྱི་ངོས་ནས་ཚོགས་དྲུང་གིས་ཐུགས་འགན་རྐང་བཞེས་གནང་སྟེ་དུས་ཚོད་མང་པོ་བཏང་། ཞོགས་པ་ཚུ་ཚོད་ ༨ པ་ནས་དགོང་མོ་ཆུ་ཚོད་ ༡༠ པ་དང་ ༡༡ ། ༡༢ བར་དུ་བསྡད། དེ་བཞིན་ལས་བྱེད་ཚོའི་ངོས་ནས་ཀྱང་སྔ་པོ་ཡོང་ནས་ཕྱི་པོ་བར་དུ་བསྡད། དེ་འདྲ་བྱས་ནས་ང་ཚོའི་ལས་དོན་ཚགས་ཚུད་པོ་ཡོང་བསྡད་པ་དེ་ཁོང་རྣམ་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད་རེད། ཚོགས་གཙོ་སྦྲེལ་བོ་གཉིས་ལ། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཀྱི་ངོས་ནས་མཐུན་འགྱུར་གྱི་ཐོག་ལ་སྤུ་ཙམ་ཡང་ཞུ་རྒྱུ་མེད། བསྟོད་བསྔགས་མ་གཏོགས་ཞུ་རྒྱུ་མེད། དེ་བཞིན་གཞུང་ཞབས་ལས་བྱེད་ཚོ་ཡིན་ནའང་སོ་སོའི་འབྲེལ་ཡོད་ཀྱི་ལྷན་ཁང་གི་གྲོས་བསྡུར་གནང་བའི་སྐབས་སུ་ཐུགས་འཁུར་ཆེན་པོ་བྱས་ནས། ཁ་སང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་དེ་ཀློག་པའི་སྐབས་སུ་ཕྱི་པོ་ཆགས་ནས་ཏོག་ཙམ་ཉུང་ཉུང་འདྲ་པོ་ཆགས་སོང་། དེའི་སྐབས་སུ་ཐུགས་འགན་བཞེས་ཐུབ་པ་ཡིན་ན་ཡག་པོ་ཡོད་རེེད། སོ་སོ་སོ་སོའི་འབྲེལ་ཡོད་ཀྱི་ལས་ཁུངས་ནང་ལ་གནས་ཚུལ་ག་རེ་ག་རེ་ཆགས་ཀྱི་འདུག་དེ་ཚོའི་ཐོག་ལ་བྱེད་ཐུབ་པ་ཡིན་ན། དེ་མ་གཏོགས་ལས་བྱེད་ཀྱི་ངོས་ནས་དངོས་གནས་འགན་འཁྱེར་ནས་མཉམ་ཞུགས་ཡག་པོ་གནང་སོང་། ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་གྱིས་དུས་རྒྱུན་དུ་ནས་རྒྱང་སྲིང་བྱ་རྒྱུ་དེ་དག་གཏོང་བཞིན་ཡོད་རེད། སྒྲ་བརྙན་གྱི་ལས་རིམ་ཡོངས་རྫོགས་ཆ་ཚང་འཛམ་བུ་གླིང་དུ་བལྟ་རྒྱུ་ཡོད་པ་དེ། འཛིན་སྐྱོང་བཀའ་ཤག་གི་བཀོད་ཁྱབ་ཀྱི་འོག་ནས། ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་གྱིས་སྒྲིག་གཏོང་གནང་བ་བཅས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་ནས་ཟླ་བ་དྲུག་གི་རྗེས་སུ་ང་ཚོ་ཚང་མ་སྐུ་ཁམས་བདེ་ཐང་གི་ཐོག་ནས་སླར་ཡང་བསྐྱར་དུ་འཛོམས་ནས་གྲོས་ཚོགས་མཐའ་མ་དེ་རྒྱལ་ཁའི་ངང་གྲུབ་སྟེ་སྐབས་ ༡༥ པ་དེ་གཟེངས་སུ་ཐོན་པ་ཞིག་བྱུང་སོང་སྙམ་པ་ཞིག་བཟོ་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ་གནང་། ཞེས་གསུངས་ཏེ་མཐར་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༠ པ་གྲོལ་བའི་གསལ་བསྒྲགས་གནང་བ་བཅས།།