བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པར་ཆེད་ཕེབས་གནང་བའི་རྒྱ་རིགས་སྐུ་མགྲོན་བཞི་བཅུ་ལྷག་ལ་དགོང་དྲོའི་གསོལ་སྟོན་བཤམས་པ།

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ནོར་བུ་གླིང་ཁའི་གསོལ་མགྲོན་ཁང་དུ་ཨ་རི་དང་། ཁེ་ན་ཌ། ཐེ་ཝན། ཨོ་སི་ཀྲོ་ལི་ཡ། ཧོོང་ཀོང་སོགས་ནས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་སྲུང་བརྩིའི་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་རྒྱ་རིགས་སྐུ་མགྲོན་ ༤༠ ལྷག་ཙམ་ལ་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ པའི་དགོང་དྲོའི་གསོལ་སྟོན་ཐོག་ཨ་རིར་གནས་བཞུགས་རྒྱ་རིགས་འབུམ་རམས་པ་སྐུ་ཞབས་ཡང་ཇེཡན་ལི་ (Yang Jianli) མཆོག་གིས་གཙོས་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་རྒྱ་རིགས་རྣམས་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕེབས་གནང་ཡོད། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་རིགས་སྐུ་མགྲོན་རྣམ་པ་བཞུགས་སྒར་དུ་ཕེབས་པར་འཚམས་འདྲི་དང་སྦྲགས་གསུང་དོན། ཁྱེད་རྣམ་པ་མཛད་བྲེལ་ཆེན་པོ་ཡིན་ཡང་། གསུམ་བཅུའི་དུས་དྲན་ཐེངས་ ༦༠ པའི་ཐོག་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་། རྒྱབ་སྐྱོར་སླད་བཞུགས་སྒར་དུ་ཆེད་ཕེབས་གནང་བར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་བོད་ས་བཙན་འཛུལ་བྱེད་འགོ་བཙུགས་པ་ནས་བཟུང་ད་བར་རྒྱ་ནག་གཞུང་གིིས་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འོག་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ང་ཕོད་ངག་དབང་འཇིགས་མེད་ཀྱིས་སྣེ་འཁྲིད་པའི་བོད་ཀྱི་སྐུ་ཚབ་ཚོགས་ཆུང་ལ་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་དེའི་ཐོག་མཚན་རྟགས་བཀོད་བཅུག་པ་དེ་དཔེ་མཚོན་ཙམ་ཞིག་རེད།

འོན་ཀྱང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་འོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་གསལ་ཐབས་གནང་བཞིན་ཡོད། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་བཞིན་དུམ་བུ་དུ་མར་བཏང་བའི་ད་ལྟའི་གནས་བབ་དེར་ཁས་ལེན་མེད་པ་དང༌། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་དང་། དེས་རྒྱ་ནག་མི་མང་དང་། བོད་མི་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན།

གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་ད་བར་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་ཐེངས་ ༩ ཙམ་གནང་ཡོད་པ་དང་། གྲོས་མོལ་ཐེངས་ ༩ པ་དེ་བཞིན་ཕྱི་ལོ་ ༢༠༡༠ ལོར་གནང་ཡོད། རྒྱ་ནག་གཞུང་གི་རེ་སྐུལ་ལྟར། ཕྱི་ལོ་ ༢༠༠༨ ལོའི་གྲོས་མོལ་ཐེངས་ ༨ པའི་སྐབས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས་ནས་རྒྱ་ནག་གཞུང་གི་སྐུ་ཚབ་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། (the Memorandum of Genuine Autonomy for Tibetan People) ཡིག་ཆ་སྤྲད་གནང་རྗེས། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བསམ་འཆར་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཚུལ་བཤད་ཡོད། བྱས་ཙང་བསམ་ཆར་ནང་གསལ་བའི་གནད་དོན་ཁག་ལ་རྒྱ་ནག་དབུས་གཞུང་གིས་མ་རྟོགས་པའམ་ལོག་པར་རྟོགས་པའི་འགྲེལ་བརྗོད་བྱས་པ་ཁག་ལ་གསལ་བཤད་བྱ་ཆེད་ཕྱི་ལོ་ ༢༠༡༠ ལོའི་གྲོས་མོལ་ཐེངས་ ༩ པའི་སྐབས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས་ནས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་སྤྲད་གནང་ཡོད།

ད་བར་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་ཐེངས་ ༩ ཙམ་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་བྱུང་མེད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་ཞི་འགྲིག་ཡོང་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་གནང་དང་གནང་མུས་རེད།

རྒྱ་ནག་ཕྱི་ནང་གི་རྒྱ་རིགས་ཤེས་ཡོན་ཅན་དང་། ཆབ་སྲིད་མཁས་དབང་། གསར་འགོད་པ། རྩོམ་པ་པོ་སོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་རྩོམ་ཡིག་མང་དག་ཅིག་སྤེལ་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་དམ་པ་ལིའུ་ཞའོ་པོ་མཆོག་གིས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཡོད་སྐོར་སོགས་གསུངས་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་དང་འཕེལ་རིམ་སྐོར་དང་། མང་གཙོའི་ཁྱད་ཆོས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་བཅས་ཀྱི་སྐོར་སོགས་ཀྱང་གསུངས་གནང་སོང་།

མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་རིགས་སྐུ་མགྲོན་རྣམས་བཞུགས་སྒར་དུ་བོད་དོན་ཐོག་རྒྱབ་སྐྱོར་སླད་ཕེབས་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས། །