བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྡེ་ར་ལྡུན་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་པ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས ༢ ཉིན་ནས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་འགོ་འཛུགས་གནང་ཡོད་འདུག

དེ་ཡང་སྤྱི་འཐུས་རྣམ་པ་འདི་ཟླའི་ཚེས་ ༡ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་ནས་ཕེབས་ཐོན་གྱིས་སྡེ་ར་ལྡུན་ལ་ཕེབས་འབྱོར་སྐབས་ས་འཐུས་ཚོགས་གཙོ་དང་། གཞིས་འགོ བོད་རང་དབང་ལས་འགུལ་བདེན་པའི་ཚོགས་གཙོ། ལས་དྲུང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག

ཕྱི་ཚེས་ ༢ ཉིན་རྒྱ་གར་གྱི་མེས་པོ་དམ་པ་གན་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན་རྒྱ་གར་རྒྱལ་ཡོངས་ལ་གཙང་བཟོའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བདེ་སྐྱིད་གླིང་གཞིས་ཆགས་བོད་མིའི་ཁྲོམ་ས་ནས་མཛད་སྒོ་ཞིག་གོ་སྒྲིག་ཞུས་པར། སྤྱི་འཐུས་རྣམ་པ་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གཙང་སྦྲའི་ལས་འགུལ་ནང་མཉམ་ཞུགས་དང་སྣེ་ཁྲིད་གནང་ཡོད་འདུག

དེ་རྗེས་འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་ཨེན་དྷི་ར་པོལ་སིང་ (Indra Paul Singh, Secretary of Bharat Tibet Sahyog Manch) མཆོག་དང་ལྷན་མི་སྣ་སུ་ཐུག་དང་གང་ཅིའི་སྐོར་ལ་གྲོས་བསྡུར་གནང་ཡོད་པ་དང་། དེ་བཞིན་མངའ་སྡེའི་ལམ་བཟོའི་བློན་ཆེན་ཟུར་པ་དང་། མངའ་སྡེའི་ཀོང་རེ་སིའི་ཚོགས་པའི་ཚོགས་གཞོན་ཧེ་ར་སིང་བེསི་ཏྲི (Hira Singh Bisht,Former PWD Minister) མཆོག མངའ་སྡེའི་ཀོང་རེ་སིའི་ཚོགས་པའི་ཚོགས་གཙོ་པིར་དམ་སིང་ (Pritam Singh, State Congress President) མཆོག གྲོས་ཚོགས་འཐུས་མི་ཟུར་པ་དང་། ཀོང་རེ་སི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཨ་ནོའི་ག་ར་ན་རེན་སིང་ (Anugrah Narain Singh, CWC member) མཆོག

ར་ཇི་པུར་ཁོར་ཡུག་སྡེ་ཚན་གྱི་ཚོགས་གཙོ་ལྕམ་རེའི་ནོའི་པོལ་ (Reenu Paul, Environmentalist and Tibet Supporter) མཆོག་དང་ཚོགས་མི་འགའ། རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གི་སློབ་སྟོན་པ་དང་། དེ་སྔོན་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་ཟུར་སྐུ་ཞབས་ཨེམ་ཀེ་ཨོ་ཏྲ་ནའི་ (Dr. M.K. Otani,Ministry of Culture, govt. of India) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ནོ་ཐུ་ཅམ་མོ་ལེའི་ (Vinod Chamoli, MLA Clementown) མཆོག་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་།

དེའི་སྐབས་སྤྱི་འཐུས་རྣམ་པས་བོད་དང་རྒྱ་གར་དབར་གྱི་འབྲེལ་ལམ་དང་། བོད་འདི་རྒྱ་གར་གྱིས་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་པོ་ཇི་ལྟར་ཆགས་ཚུལ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་གང་ཡོད། རྒྱ་གར་གྱི་གནའ་བོའི་རིག་གཞུང་བོད་མིས་བདག་གཅེས་ཇི་ལྟར་བྱས་ཡོད་ཚུལ་དང་། དེ་བཞིན་རྒྱ་གར་དབུས་སའི་གཞུང་མང་གཉིས་བོད་མི་ཚོར་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཆེ་ཚུལ་བཅས་ཀྱི་ཐོག་གསལ་འདོན་གནང་ཐུབ་པ་བྱུང་ཡོད་པ་བཅས། །