བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་བྱང་ཤར་ཁུལ་གྱི་མེཧ་གྷ་ལ་ཡ་དང་ཨ་སམ་ཁུལ་དུ་བོད་དོན་ཞུ་གཏུག་ལས་འགུལ་གང་ལེགས་ངང་མཇུག་བསྒྲིལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༣ ནས་ཚེས་ ༢༧ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་བཅས་ནས་རྒྱ་གར་བྱང་ཤར་མེ་གྷ་ལ་ཡའེ་ནང་། སྲིད་སྐྱོང་སྐུ་ཞབས་གངྒཱ་ པྲ་སད་མཆོག་(Shri.Ganga Prasad, Governor of Meghalaya) མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནད་དོན་ཁག་ཞུས་པར་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་གནས་གསུངས་པ་སོགས་བཀའ་མོལ་ལྷུག་པོ་གནང། གཞན་ཡང་མངའ་སྡེའི་ནང་སྲིད་བློན་ཆེན་སྐུ་ཞབས་ཇེམྶ་ སངྒ་མ་མཆོག་(Mr. James Sangma, Home Minister of Meghalaya) མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནད་དོན་ཁག་ཞུས། ཁོང་ནས་ཀྱང་ག་དུས་ཡིན་ནའང་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པ་དང་། གདུང་སེམས་མཉམ་བསྐྱེད་ཡོད་གནས་གསུངས་སོང།

མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌོན་ཀུ་པུར་ ཌི་ རོའེ་མཆོག་(Mr. Donkupur D Roy, Speaker of Meghalaya) མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་མོལ་ལྷུག་པོར་ཞུས་པ་དང། མངའ་སྡེའི་ནང་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ཐབས་སྐོར་ཞུས་པས་། ཡིག་ཐོག་ནས་གནང་བ་ཡིན་ན་བསམ་གཞིག་ཆོག་རྒྱུ་ཞེས་གསུངས།

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀོན་རེཌ་ སངྒ་མ་མཆོག་(Mr. Conrad Sangma, Chief Minister of Meghalaya) མཇལ་འཕྲད་ཀྱིས་བོད་དོན་ཐོག་བཀའ་མོལ་ལྷུག་པོར་ཞུས་པ་དང། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ཐབས་སྐོར་ཞུས་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སན་བུར་ ཤུ་ལཡེ་མཆོག་ (Mr. Sanbor Shullai, MLA, Meghalaya) མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་མོལ་ཞུས།

དེའི་རྗེས་མངའ་སྡེའི་ཤེས་རིག་དང་ཤིང་ནགས་བློན་ཆེན་སྐུ་ཞབས་ལེག་མེན་ རོམ་བྷུའེ་མཆོག་ (Mr.Lahkmen Rymbui, Education and Forest Minister of Meghalaya) མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་མོལ་ལྷུག་པོར་ཞུས།

མངའ་སྡེའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཏི་མོ་ཐི་ ཌི་ ཤཱི་རཱ་མཆོག་ (Mr. Timothy D Shira, Deputy Speaker of Meghalaya) མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་མོལ་ལྷུག་པོར་ཞུས་ཤིང། ངའི་ངོས་ནས་ག་རེ་བྱེད་ཐུབ་ཅེས་གསུངས་སོང་བར། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཐུབ་ཐབས་སྐོར་ཞུས། དེའི་སྐོར་སྤྱི་ཁྱབ་བློན་ཆེན་མཆོག་ལའང་ཞུས་ཟིན་པས། ཁོང་ནས་གང་གསུངས་པ་ལྟར་འབབ་གཟིགས་གནང་ཆོག་གི་རེད་ཅེས་གསུངས་སོང།

དེ་ནས་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཨེ་ ཨེལ་ ཧེག་མཆོག་(Mr. A L Hek, Health Minister of Meghalaya) མཇལ་འཕྲད་ཞུས་ཤིང། བོད་དོན་སྐོར་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ཀྱི་སྐོར་བཀའ་མོལ་ལྷུག་པོར་ཞུས་པས་། ཁྱེད་ཚོ་བཙན་བྱོལ་ནང་འདི་འདྲ་ཞིག་ཡོད་འགྲོ་རྩ་བ་ནས་བསམས་མ་སོང་ཞེས་གསུངས་སོང།

དེ་ནས་དེ་སྔ་གཞུང་ཞབས་ཡིན་པ་དང་ད་ལྟ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཡིན་པ་སྐུ་ཞབས་ཨེཅ་ ཨེམ་ ཤཱངྒ་ ཕི་ལི་ཨིན་མཆོག་ (Mr. H M Shangpliang, IAS and MLA of Meghalaya) མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་མོལ་ལྷུག་པོར་ཞུས།

ཕྱི་ཚེས་ ༢༦ ཕྱི་དྲོ་བྱང་ཤར་ཁུལ་གྱི་མངའ་སྡེ་བདུན་གྱི་སྒོ་ཁྲལ་སྤྱི་ཁྱབ་ལྷ་ལྕམ་བན་དྷ་ནཱ་ ཌི་ཨོ་རི་(Ms.Bhandana Deori, IAS, Commissioner Custom )མཆོག་ནས་དགོང་ཚིགས་འདེགས་གནང་གིས་བཀའ་མོལ་ལྷུག་པོར་ཞུ་རྒྱུ་བྱུང། དེའི་ཉིན་ཁོང་ནས་ཤིས་ལོངས་ཊ་ཡེམྶ་(Shillong Times, Editor)རྩོམ་སྒྲིག་མ་ཡང་ལྷན་འཁྲིད་གནང་འདུག

མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང། གྲོས་ཚོགས་འཐུས་མི་ལས་ཐོག་སྐུ་ཞབས་ཅརླེས་ ཕི་ཡོང་རོ་པི་མཆོག་གི་ (Charles Pyngrope, Former Speaker, PAC Chairman, MLA Meghalaya) གཟིམ་ཤག་ཏུ་མཇལ་འཕྲད་ཞུ་རུ་ཕྱིན་པར། དེར་ཁོང་གི་བུ་ཌེ་ཝིཌ་ ཨེན་ ནོང་རུམ་ (David N.Nongurm, MLA) ཡང་མངའ་སྡེའི་གྲོས་ཚོགས་འཐུས་མི་རེད་འདུག་པ་དང་། མངའ་སྡེའི་ཀོང་རེ་སི་བུད་མེད་སྡེ་ཚན་གྱི་ཚོགས་གཙོ་ཇོབ་ལིན་ ཨེས་ ཤ་ཡི་ལ་(Joplin S Shylla, President Meghalaya Mahila Congress) བཅས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་སློང་ཞུས། ཁོང་མངའ་སྡེའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་རེད་འདུག་པས། ལས་ཁུངས་སུ་ཡང་གྲ་སྒྲིག་གནང་ཡོད་སྟབས། དེར་བཅར་ནས་ཚོགས་ཆུང་གི་ཚོགས་མི་ཚོའི་མཉམ་དུ་བཀའ་མོལ་ལྷུག་པོར་ཞུས། མངའ་སྡེའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ཐབས་སྐོར་ཞུས་པས་། ཡིག་ཐོག་ལ་ཞུ་སྙན་འབྱོར་ཚེ་གླེང་སློང་ཞུ་ཆོག་གི་རེད་གསུངས། མངའ་སྡེའི་གྲོང་ཁྱེར་འཛུགས་བསྐྲུན་ལས་གཞིའི་བློན་ཆེན་སྐུ་ཞབས་ཧཱ་མེལྟ་སོན་ ཌཱོ་ལིངྒ་(Mr. Hameltson Dohling, Urban Affair Minister of Meghalaya) མཆོག་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་བྱས།

ཕྱི་ཚེས་ ༢༧ ཕྱི་དྲོ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཡེ་ཤེས་ཚེ་རིང་(Mr.Yeshi Tsering IAS, Chief Secretary of Meghalaya Government) མཆོག་གི་གཟིམ་ཤག་ཏུ་དགོང་ཚིགས་འདེགས་གནང་བྱུང་བ་དང། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༨ ཉིན་མེཧ་གྷ་ལ་ཡའི་ཞུ་གཏུགས་ལས་འགུལ་མཇུག་བསྒྲིལ་དང་ཤིས་ལོངས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ནས་མི་མང་གི་ངོ་ཚབ་ཞུས་ཏེ་ཉིན་གུང་བཞེས་ལག་འདེགས་གནང་བྱུང་།

དེ་རྗེས་གྷོ་ཝ་ཧ་ཀྲིར་རྡོག་ཐོན་བྱས། དེ་སྔ་ཨ་སམ་མངའ་སྡེར་མཇུག་སྐྱོང་བྱ་དགོས་ཞུས་ཤིང། དེ་ཡང་དང་པོ་ཨ་སམ་མངའ་སྡེའི་སྲིད་སྐྱོང་མཆོག་(Shri.Jagdish Mukhi, Governor of Assam State) མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་བཀའ་འདྲི་གནང་ཁག་ལ་བཀའ་ལན་དང། དགོངས་འཆར་ཡང་མང་པོ་གནང་སོང།

གཞན་ཡང་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང། ཨ་སམ་མངའ་སྡེའི་བྷི་ཇེ་པི་ཚོགས་པའི་ཚོགས་གཞོན། དེ་སྔ་གྲོས་ཚོགས་འཐུས་མི་ཡིན་པའི་སྐབས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཌུ་ཝི་ཇན་ ཤཱར་མཱ་མཆོག་(Shri. Dwijen Sharma, Former MP, Vice President and Senior Spokesperson of Assam Congress Committee )མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྐོར་དང་། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐབས་སུ་ཤུགས་གནོན་བརྒྱབ་དགོས་པ་སོགས་ཞུས་པར་དེ་དོན་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང།

དེ་ནས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧི་ཏན་དྲ་ ནཱཐ་ གོཝ་སྭམི་མཆོག་(Mr. Hitendra Nath Goswami, Speaker of Assam Legislative Assembly) མཇལ་འཕྲད་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཞུ་གཏུགས་ལས་འགུལ་བརྩམས་པ་དང། ད་ལོ་ཐེངས་གཉིས་པ་དེ་རྩོམ་བཞིན་ཡོད་གནས། བོད་ནང་གི་སྤྱི་ཡོངས་གནས་བབ། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ཐབས་བཅས་ཀྱི་སྐོར་བཀའ་མོལ་ལྷུག་པོར་ཞུས་ཤིང། བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཡོད་པ་དང། མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་ཚོགས་པ་འཛུགས་རྒྱུའི་བསམ་འཆར་དེ་བཞིན་གང་ལེགས་འདུག་པས། དེ་ལྟར་འཛུགས་རྒྱུའི་ཆེད་དུ་མུ་མཐུད་ནས་ལས་འཆར་བསྒྲིག་དགོས་གནས་བཅས་གསུངས་གནང་སོང།

ད་ལྟའི་བོད་དོན་ཞུ་གཏུག་ལས་འགུལ་དེ་བཞིན་མངའ་སྡེ་བདུན་ཡོད་པ་ལས། མངའ་སྡེ་གསུམ་ལ་བརྩམས་ཤིང་མངའ་སྡེ་དེ་དག་གི་སྲིད་སྐྱོངམཆོག་དང། སྤྱི་ཁྱབ་བློན་ཆེན། ཚོགས་གཙོ་ཚོགས་གཞོན་། བློན་ཆེན་ཁག དབུས་ས་གཉིས་ཀྱི་གྲོས་ཚོགས་འཐུས་མི་ལས་ཐོག་དང་ཟུར་པ། འཛིན་སྐྱོང་དང་འབྲེལ་བའི་ཐོག་དགོས་དབང་ཡོད་པ་ཁག་མཇལ་འཕྲད་ཀྱིས་དཔེར་ན་ཨ་རུ་ན་ཅལ་མངའ་སྡེའི་ནང་ཛ་དྲག་གི་གནས་ཚུལ་འཕྲད་བཞིན་པའི་སྐབས་འབྲེལ་ཡོད་ས་གནས་འགོ་འཛིན་དང་སྤྱི་འཐུས་གཉིས་ནས་ཐུགས་འགལ་ཆེས་བཞེས་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་ཞུ་དགོས་མཐའ་དག་ཞུས་པས་མངའ་སྡེ་དེའི་ནང་དཀའ་ངལ་གང་ཡང་འཕྲད་རྒྱུ་མིན་པའི་ཞལ་བཞེས་གཙང་མ་གནང་བ་དང། མངའ་སྡེའི་ནང་དུ་གཏོགས་པའི་མོན་པ་ཚོས་ད་ལྟ་འགྲོ་བཞིན་པའི་སློབ་ཕྲུག་མིང་འཁུར་གྱི་ལས་འགུལ་ལ་རྒྱབ་སྐྱོར་མེད་པ་དང། དེར་སྐྱོན་བརྗོད་དྲག་པོ་ཞུ་རྒྱུ་ཡིན་པ་སོགས་ཡིག་ངག་གཉིས་ཐོག་ནས་གནང་སོན་བྱུང་ཡོད་པ་བཅས།