༄༅། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཉེ་ཆར་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༩ ཉིན་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ནཱ་གར་ལ་ཕེབས་འབྱོར་གནང་ཡོད་པ་དང་། ཕྱི་དྲོ་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་དང་གོ་གནས་མཉམ་པ་ཨ་རུ་ནཱ་ཅལ་ཆོས་རིག་ལྷན་ཁང་གི་གཙོ་འཛིན་ (Religion and Cultural Affairs) སྐུ་ཞབས་འཇམ་དཔལ་དབང་འདུས་མཆོག་མཇལ་འཕྲད་གནང་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསྟན་འཛིན་ནོར་བུ་མཐོང་མདོག་ (Mr.Tenzing Norbu Thongdok,Speaker Arunachal Pradesh) མཆོག་དང་། གྲོས་ཚོགས་ཀྱི་ཚོགས་དྲུང་བཅས་མཇལ་འཕྲད་ཀྱིས་ཕན་ཚུན་བཀའ་མོལ་ལྷུག་པོ་གནང་ཡོད་འདུག་པ་དང་། མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་མིན་སྐོར་དང་། མངའ་སྡེའི་གནད་ཡོད་མི་སྣ་རྡ་སར་ཕེབས་ཕྱོགས་སྐོར་བཅས་ཀྱི་ཐོག་བཀའ་མོལ་གནང་ཡོད་འདུག
སྤྱི་འཐུས་རྣམ་པ་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཕེབས་པའི་དུས་ཚོད་འདིར་ཨ་རུ་ནཱ་ཅལ་རྒྱལ་ཡོངས་སློབ་ཕྲུག་གཅིག་མཐུན་ལས་འགུལ་ཚོགས་པ་ (Students’ United Movement of All Arunachal, SUMAA) ཞེས་པས་བོད་པར་ངོ་རྒོལ་བྱ་རྒྱུའི་དུས་ཚོད་མཉམ་འཁེལ་བྱུང་བར་བརྟེན། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་ནང་གཙོ་བོ་གནད་དོན་དེ་དང་འབྲེལ་བའི་ཐོག་འབྲེལ་ཡོད་ཚོ་མཇལ་ཏེ་དཀའ་སེལ་ཡོང་ཐབས་བཀའ་མོལ་རིམ་པ་ཞུས་གནང་ཡོད་འདུག
ཕྱི་ཚེས་ ༡༢ ཞོགས་པ་ཨི་ཊ་ནཱ་གར་ནང་པའི་རིག་གཞུང་སྲུང་སྐྱོབ་ཚོགས་པའི་ (IBCPS) མཉམ་དུ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་འདུག དེའི་རྗེས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་ (Pema Khandu,Chief Minister of Arunachal Pradesh) མཆོག་དང་མཇལ་འཕྲད་ཀྱིས་གནད་དོན་ཁག་ཞུས་པ་དང་། གྲོས་ཚོགས་ཚོགས་གཙོའི་མཉམ་བཀའ་མོལ་བྱུང་བ་བཞིན་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་མིན་སྐོར་བཅས་བཀའ་མོལ་ཞུས། གཞན་ཡང་དེའི་སྐབས་ཨ་རུ་ནཱ་ཅལ་རྒྱལ་ཡོངས་སློབ་ཕྲུག་གཅིག་མཐུན་ལས་འགུལ་ཚོགས་པ་ (Students’ United Movement of All Arunachal,SUMAA) ཞེས་པས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་མངའ་སྡེའི་ནང་ནས་ཕྱིར་བསྡུ་དགོས་པ་སོགས་ཕྱི་ཚེས་ ༡༣ ཉིན་ངོ་རྒོལ་བྱ་རྒྱུ་ཡིན་པའི་སྐོར་ཞུས་གནང་འདུག་པར། ལམ་སེང་འབུམ་སྡེ་ལའི་སྐོར་སྲུང་སྤྱི་ཁྱབ་པར་ཞལ་པར་བཏང་གནང་བ་སོགས་རྩ་བའི་དེའི་ཐོག་སེམས་ཁྲལ་མི་དགོས་པ་དང་། བོད་པ་སྤྱིའི་འཐབ་རྩོད་ལ་མངའ་སྡེའི་ནང་ཚང་མས་རྒྱབ་སྐྱོར་ཡོད་པ་བཅས་གསུངས་གནང་འདུག
དེ་རྗེས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་བྷི་ཌི་ མིཤ་རི་ (B.D. Mishra, Governor of Arunachal Pradesh) མཆོག་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་གང་འདྲ་ཡོད་མེད་ལ་སོགས་གནད་དོན་ཁག་ཞུས་གནང་འདུག་པ་དང་། ཁོང་ནས་བོད་ཀྱི་མཚོ་མ་ཕམ་དུ་ཕེབས་མྱོང་བ་དང་། དེའི་སྐབས་ཀྱི་གཟིགས་སྣང་ལ་སོགས་གསུངས་གནང་འདུག་པ་མ་ཟད། བོད་པའི་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཡོད་སྐོར་ཡང་གསུངས་གནང་འདུག
ཕྱི་ཚེས་ ༡༦ ཉིན་དགོན་པ་རྩེ་ཚོགས་པའི་སློབ་གྲྭ་ཞི་བ་ལྷ་རུ་གཟིགས་བསྐོར་དང་། སློབ་སྤྱིས་རེ་བསྐུལ་ལྟར་འཛིན་གྲྭ་ ༩ པ་དང་ ༡༠ པ་སོ་སོའི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ལ་གསུང་བཤད་གནང་འདུག ཉིན་རྒྱབ་ཆུ་ཚོད་ ༣ པ་ཙམ་ལ་འབུམ་ལ་རྫོང་དཔོན་གྱི་ལས་ཁུངས་སུ་རྫོང་དཔོན་ཌོག་ཊར་སོ་ནལ་ སུཝ་རུཔ་ (Dr.Sonal Swaroop,DC Bomdila) མཆོག་དང་མཇལ་འཕྲད་གནང་སྟེ། ཐོག་མར་ཕན་ཚུན་ངོ་སྤྲོད་དང་རྒྱ་གར་བྱང་ཤར་མངའ་སྡེ་ཁག་ཏུ་ལས་དོན་གང་གི་ཆེད་དུ་འགྲོ་ཡི་ཡོད་མེད་དང་། གཙོ་བོ་ད་ལྟ་ཨ་རུ་ནཱ་ཅལ་རྒྱལ་ཡོངས་སློབ་ཕྲུག་གཅིག་མཐུན་ལས་འགུལ་ཚོགས་པས་ (Students’ United Movement of All Arunachal,SUMAA) ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་དེའི་ཐོག་ཞུས་གནང་འདུག་པ་དང་། རྫོང་དཔོན་མཆོག་ནས་བསྟན་འཛིན་སྒང་གཞིས་ཆགས་ལ་སྐྱོན་གནད་གང་ཡང་ཡོང་གི་མ་རེད། སློབ་ཕྲུག་ཚོགས་པ་དེ་དག་གིས་ལས་འགུལ་རྩོམ་བཞིན་པ་དེའི་ཐོག་སེམས་ཁྲལ་མི་དགོས་པའི་སྐོར་སོགས་གསུངས་གནང་འདུག
ཕྱི་ཚེས་ ༡༨ ཞོགས་པ་འབུམ་ལ་བསྟན་སྒང་གཞིས་ཆགས་ནས་རྟ་དབང་ཕྱོགས་སུ་ཕེབས་ཐོན་གནང་བ་དང་། དེར་ཆུ་ཚོད་ ༣ པ་ཙམ་ལ་ཕེབས་འབྱོར་གནང་འདུག དེ་ཉིན་རྟ་དབང་ཁུལ་གྱི་ཡུལ་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༣༧ ནས་ཨ་རུ་ནཱ་ཅལ་རྒྱལ་ཡོངས་སློབ་ཕྲུག་གཅིག་མཐུན་ལས་འགུལ་ཚོགས་པའི་ (Students’ United Movement of All Arunachal,SUMAA) ལས་འགུལ་དེར་གདོང་ལེན་བྱ་རྒྱུའི་ཆེད་ཚོགས་འདུ་ཚོགས་འདུག་པ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ (Indo Tibetan Friendship Society) ཚོགས་གཙོ་སྐུ་ཞབས་བླ་མ་བཀྲ་ཤིས་ཆོས་རྒྱལ་ལགས་དང། ཧིན་བོད་ཕན་གྲོགས་སྡིངས་ཆའི་ (Bharat Tibbat Sahyog Manch) ཚོགས་གཙོ་སྐུ་ཞབས་ལྷུན་གྲུབ་ཆོས་བཟང་ལགས་གཉིས་ཀྱིས་དབུས་པའི་སྐུ་ཚབ་ ༩ དང་མཇལ་འཕྲད་གནང་འདུག་པ་དང་། དེའི་སྐབས་ཁོང་རྣམ་པས་སློབ་ཕྲུག་ཚོགས་པའི་མིང་འཁུར་ནས་བོད་པར་ངོ་རྒོལ་གྱི་ལས་འགུལ་དེར་སྐྱོན་བརྗོད་དྲག་པོ་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་པ་དང། ༸རྒྱལ་བ་རིན་པོ་ཆེས་དབུས་པའི་བོད་མིའི་སྒྲིག་འཛུགས་ནི་མོན་པ་ཚོར་བཀའ་དྲིན་ཆེན་པོ་ཡིན་པ། ད་རིང་སློབ་ཕྲུག་གི་ལས་འགུལ་དེར་མོན་པ་མི་རིགས་ནས་རྒྱབ་སྐྱོར་རྩ་བ་ཉིད་ནས་མེད་པ་དང། ངོ་རྒོལ་དྲག་པོ་བྱ་རྒྱུ་ཡིན་པ་སོགས་གསུངས་གནང་འདུག དེ་བཞིན་ཁོང་རྣམས་ནས་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་གསོལ་ཚིགས་ཤིག་འདེགས་འབུལ་དང་། ཆབས་ཅིག་སློབ་ཕྲུག་ཚོགས་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་པའི་ངོ་བཤུས་ཤིག་ཀྱང་ཕུལ་གནང་འདུག
ཕྱི་ཚེས་ ༡༩ ཕྱི་དྲོ་རྟ་དབང་རྫོང་གི་སློབ་གཉེར་ལྷན་ཚོགས་ (Tawang District Students’ Union) ཀྱི་ཚོགས་གཙོས་དབུས་པའི་ཚོགས་མི་ ༧ དང་མཇལ་འཕྲད་གནང་ཡོད་འདུག་པ་དང་།
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་རྟ་དབང་རྫོང་གི་རྫོང་དཔོན་སྐུ་ཞབས་སངས་ཕུན་ཚོགས་མཆོག་གི་ (Mr.Sang Phuntsok ,IAS,DC Tawang) ལས་ཤག་ཏུ་ཁོང་དང་མཇལ་འཕྲད་གནང་སྟེ། ད་ལྟ་འགྲོ་བཞིན་པའི་གནད་དོན་ཐོག་བཀའ་བསྡུར་ལྷུག་པོ་གནང་འདུག དེ་ནས་འབུམ་སྡེ་ལར་ཕེབས་ཐོན་གནང་བ་དང་། དེ་བཞིན་རྟ་དབང་བྱང་དུ་བཀའ་བརྒྱུད་དགོན་པས་བཙུགས་པའི་སློབ་གྲྭར་གཟིགས་བསྐོར་དུ་ཕེབས་གནང་ཡོད་འདུག ཕྱི་དྲོ་ཆུ་ཚོད་ ༥ པ་ཙམ་ལ་འབུམ་སྡེ་ལར་ཕེབས་འབྱོར་གནང་བ་དང། དགོན་པ་རྩེའི་འགྲོན་ཁང་ནང་འབྱོར་རྗེས་དགོན་པ་དེའི་མཁན་རིན་པོ་ཆེ་གཙོ་བོར་གྱུར་པའི་འབུམ་ལ་དང་རུ་པ། ཤཻར་གྷའོ་བཅས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གནང་ཞིང་། དེའི་སྐབས་ཁོང་རྣམ་པ་ཚོས་གསུང་དོན། སྤྱི་ཚོགས་དྲ་ལམ་དུ་མོན་པས་བོད་པར་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་གསལ་བ་དངོས་བདེན་མིན་པ་དང། སློབ་ཕྲུག་མིང་འཁུར་གྱི་ལས་འགུལ་དེར་སྐྱོན་བརྗོད་དྲག་པོ་ཞུ་ཡི་ཡོད་པ་སོགས་གསུངས་གནང་འདུག དེ་བཞིན་འབུམ་ལ་སྐོར་སྲུང་སྤྱི་ཁྱབ་སྐུ་ཞབས་རཱ་ཇཱ་ བྷན་ཏི་ཡཱ་ (Mr.Raja Banthia,IPS,Superintendent of Police,Bomdila) ལགས་དང་གཞུང་ཁང་ནང་མཇལ་འཕྲད་གནང་བ་དང་། དེའི་སྐབས་སྐུ་ཞབས་ཁོང་ནས་ད་ལྟ་འགྲོ་བཞིན་པའི་གནད་དོན་ལ་སེམས་ཁྲལ་རྩ་བ་ནས་གནང་མི་དགོས་པ་དང། བོད་པར་གནོད་སྐྱོན་རྩ་བ་ནས་མི་ཡོང་བའི་ཁས་ལེན་ཡོད་སྐོར་གསུངས་གནང་འདུག་པ་དང་། སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཀྱང་ཁྱེད་ཀྱིས་གང་དང་གང་གནང་བ་ཚང་མ་ས་གནས་འགོ་འཛིན་བརྒྱུད་ནས་ཤེས་རྟོགས་བྱུང་བས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་དེ་སྔ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཡིན་པ་སྐུ་ཞབས་ནཱ་རེཤ་ གྷོ་ལོ་ (Mr.Naresh Golow) མཆོག་གི་གཟིམ་ཤག་ཏུ་ཁོང་དང་མཇལ་འཕྲད་གནང་ཞིང་། དེའི་སྐབས་སྐུ་ཞབས་ཁོང་ནས་གསུང་དོན། ཕྱི་ཚེས་ ༡༣ ཉིན་སློབ་ཕྲུག་ཚོགས་པ་དེ་དག་གིས་ཨ་རུ་ནཱ་ཅལ་ཞབས་འདྲེན་བཞག་པའི་ལས་འགུལ་འདི་ལྟར་བརྩམས་པར་སྙིང་དབུས་ནས་བཟོད་གསོལ་ཞུ་རྒྱུ་སོགས་གསུངས་གནང་ཡོད་འདུག་པ་དང་། དེའི་སྐབས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཁོང་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་བཅས། །