༄༅། །དཔལ་ལྡན་ཚོགས་གཙོ་མཆོག་ཨ་རི་རྒྱལ་ས་ཝཤིན་ཀྲོན་ཌི་སི་ (Washington DC) ནང་མཛད་འཆར་ཁག་ལེགས་པར་མཇུག་བསྒྲིལ་ཟིན་ཏེ། ཕྱི་ཚེས་ ༡༥ ཉིན་སན་ཕན་སེ་སི་ཁོ་ (San Fransisco) ལ་ཆེད་ཕེབས་གནང་ཡོད། སྐབས་དེར་བྱང་ཁེ་ལི་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རང་གྲོལ་ལགས་གཙོས་པའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་མང་དག་ཞིག་ནས་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག
ཉིན་རྒྱབ་བྷར་ཁ་ལི་གྲོང་སྡེའི་སྤྱི་ཁྱབ་ Jesse Arreguin མཆོག་ (Mayor of Berkley (CA) དང་མཇལ་མོལ་ཐོག ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ཞུ་འབོད་གནང་བ་མ་ཟད་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད། ད་དུང་དཔལ་ལྡན་ཚོགས་གཙོ་མཆོག་ནས་ལོ་མང་རིང་སྤྱི་ཁྱབ་མཆོག་གི་འགན་ཁུར་སྣེ་ཁྲིད་འོག་ལོ་ལྟར་ཡུལ་དེར་བོད་མིའི་གསུམ་བཅུའི་དུས་དྲན་ཉིན་སྤྱི་ཁྱབ་ཁོང་གི་ལས་ཁུངས་ནང་བོད་ཀྱི་རྒྱལ་དར་སྒྲེང་ཕྱར་བྱ་རྒྱུས་མཚོན་བོད་དོན་ལ་ཡུན་རིང་དོ་ཁུར་ཆེ་བཞེས་གནང་མཁན་ཞིག་ཀྱང་ཡིན་པར་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་འདུག
སྐབས་དེར་ཁུལ་དེར་གནས་འཁོད་བོད་མི་བཅས་ལ་མཇལ་མོལ་གནང་ཡོད་པ་དང་། མ་ཟད་ནང་པའི་ཆོས་ཚོགས་ཁག་དཔེར་ན། རྒྱུད་སྟོད་བདེ་རྩ་ཚོགས་པ། (Gyuto Foundation) གནས་ཆུང་ཆོས་ཚོགས་ལྟེ་གནས་ཁང། (Nechung Dharma center) དཔལ་ཚེ་ཆེེན་གླིང་། (Pal Tsechen ling ) སེ་ར་བྱེས་ཆོས་ཚོགས་ལྟེ་གནས་ཁང་། (Sera Je Dharma Center ) རྒྱལ་ཞེན་བླ་བྲང་། Gyalshen Institute བཅས་ལ་ལྷན་བཅར་ཞུས་ཏེ། མུ་མཐུད་བོད་ཀྱི་རིག་གཞུང་ལ་གཅེས་སྲུང་དར་འཕེལ་གནང་དགོས་པའི་བཀའ་སློབ་ཀྱང་ཕེབས་ཡོད། དེ་མིན་ཁུལ་དེའི་བོད་མི་ཚོས་ཀྱང་དཔལ་ལྡན་ཚོགས་གཙོ་མཆོག་ས་གནས་དེར་ཆེད་ཕེབས་ གནང་བར་བོད་མི་ཚོར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད་ཐུགས་རྗེ་ལེགས་འབུལ་ཡང་ཞུས་ཡོད།
ཕྱི་ཚེས་ ༡༦ ཉིན་རྒྱབ་ Richmond མངའ་སྡེའི་སྤྱི་ཁྱབ་ Tom Butt མཆོག་ (Mayor of Richmond (CA) དང་། EI Cerrito མངའ་སྡེའི་བདམས་ཐོན་སྤྱི་ཁྱབ་ Gabriel Quinto མཆོག་གཉིས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཁང་དུ་དཔལ་ལྡན་ཚོགས་མཆོག་ལ་འཚམས་འདྲིའི་ཆེད་བཅར་ཡང་ཞུས་ཡོད། སྐབས་དེའི་འདུ་འཛོམས་སྟེང་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུང་བཤད་གནང་གྲུབ་རྗེས། ཁུལ་དེའི་མངའ་སྡེའི་སྤྱི་ཁྱབ་མཆོག་ནས་ཀྱང་འཚམས་འདྲི་དང་སྦྲགས་བོད་དོན་ཐོག་སྔར་ལྷག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད་མངའ་ཁུལ་དེའི་ནང་ལ་ཡོད་པའི་བོད་མི་ཚོར་ཡང་མཐུན་འགྱུར་གང་ཐུབ་ཞུ་རྒྱུའི་ཞལ་བཞེས་བཟང་པོ་ཡང་ཐོབ་ཡོད།
ཕྱི་དྲོ་དཔལ་ལྡན་ཚོགས་གཙོ་མཆོག San Francisco ནས་རྡོག་ཐོན་གནང་སྟེ། ཡུ་ཊ་མངའ་སྡེའི་གྲོང་ཁྱེར་སོལྜ་ལེག་མངའ་སྡེའི་ (Salt Lake City, Utah) ནང་ཆིབས་བསྒྱུར་གནང་། སྐབས་དེར་བོད་རིགས་མཐུན་ཚོགས་གཙོས་བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་། གཞན་ཡང་ཡུ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་བཟང་ལགས། སྤྱི་ཟུར་ཚེ་རིང་དོན་གྲུབ་ལགས་བཅས་ཀྱི་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག
དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ནས་ཡུ་ཊ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཁང་གསར་པར་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Davis མཆོག་དང་སོལྜ་ལེག་མངའ་སྡེའི་སྤྱི་ཁྱབ་ Ben McAdam མཆོག་རྣམ་གཉིས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་མཉམ་མངའ་ཁུལ་དེས་བོད་མིའི་རྒྱུན་སྐྱོང་སྤེལ་གསུམ་ལ་ཚགས་ཚུད་འོད་སྣང་ལྡན་པར་སེམས་ཚོར་ཆེན་པོས་དགའ་ཚོར་ཡོད་སྐོར་གསུང་གནང་ཡོད།
མཐའ་དོན་དཔལ་ལྡན་ཚོགས་གཙོ་མཆོག ཨ་རི་རྒྱལ་ས་ཝ་ཤིན་ཀྲོན་ ཌི་སི (Washington DC)། སན་ཕརན་སེ་སི་ཁོ (San Fransisco)། སོལྜ་ལེག་མངའ་སྡེ་ (Salt Lake City) བཅས་ལ་མཛད་འཆར་ལེགས་པར་གྲུབ་ཟིན་རྗེས། ནིའུ་ཡོག་ (NewYork)ཏུ་ཕྱིར་ཕེབས་བརྒྱུད་སང་སྔ་དྲོ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་ རྒྱུའི་མཛད་འཆར་སྙིང་བསྡུས་སུ།
གནས་ཚུལ་བཀོད་གཏོང་བ། བྱང་ཨ་རིའི་དོན་གཅོད་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་སྐུ་ཞབས་ཚེ་རིང་བཀྲ་ཤིས་ལགས།