བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་གཟབ་རྒྱས་ངང་མཇུག་བསྒྲིལ་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༨ ནས་ ༢༢ བར་ཉིན་ལྔའི་རིང་རྒྱ་གར་བྱང་ཤར་ས་ཁུལ་གྱི་སྒང་ཏོག་ས་གནས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་ཟབ་སྦྱོང་ཐེངས་གཉིས་པ་དེ་བཞིན་གཟབ་རྒྱས་ངང་མཇུག་བསྒྲིལ་གནང་ཡོད།

ཟབ་སྦྱོང་གི་ཉིན་གཉིས་པར་སྤྱི་འཐུས་རྒྱ་རིགས་ཐར་མཆོག་གིས་ལོ་འཁོར་སྔོན་རྩིས་དང་འབྲེལ་བའི་ཐོག་ཟབ་འཁྲིད་གནང་བ་དང་། ཉིན་གསུམ་པར་དམར་འཁྲིད་ཀྱི་གྲོས་ཚོགས་སླད་ལས་རིམ་གྲ་སྒྲིག་གནང་ཡོད། ཉིན་བཞི་པ་དང་། ཉིན་ལྔ་པར་སྐར་རྟགས་ཅན་གྱི་དྲི་བའི་ལས་རིམ་སོགས་ཀྱི་ཐོག་ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་དང་འཐུས་མི་རྣམ་པས་དོ་དབྱིངས་ཆེན་པོས་ལས་རིམ་འགོ་འཛུགས་གནང་ཡོད་པ་དང་། དེ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་ཁག་ལ་ས་གནས་འཐུས་མི་རྣམ་པས་ས་གནས་འགོ་འཛིན་ལ་སྐར་རྟགས་ཅན་གྱི་དྲི་བ་དང་། འཕྲོས་དོན་དྲི་བ་བསྐུལ་བར་ལན་འདེབས་གནང་བ་དང་། སྒྲིག་གཞི་བསྐྱར་བཅོས་གནང་ཕྱོགས་བཅས་ཀྱི་ཐོག་ཟབ་སྦྱོང་དམར་ཁྲིད་གནང་ཡོད།

ཟབ་འཁྲིད་གནང་མཁན་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་ནས་ཀྱང་དམར་ཁྲིད་ཀྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཡོད།  དྲི་བ་དྲིས་ལན་གྱི་ལས་རིམ་སྐབས་བར་གསེང་ཐུང་ངུ་བཞག་སྟེ་ཟབ་འཁྲིད་གནང་མཁན་གྱིས་ཟབ་སྦྱོང་བ་རྣམ་པས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལྟར་ལུས་ཀྱི་འཁྱེར་སོ་དང་། བརྗོད་བྱ། སྒྲ་སྦྱོར། གོ་རིམ་སོགས་ཀྱི་ཐད་སྐྱོན་གནད་རྣམས་ཡོ་བསྲང་གནང་ཡོད།

ཟབ་སྦྱོང་ནང་ཚོགས་བཅར་བའི་ལོ་ན་ ༣༥ ནས་ ༧༤ བར་མཉམ་ཞུགས་གནང་ཡོད་པ་དང་། ལྷག་པར་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ཀྱང་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཡོད།

ཟབ་སྦྱོང་གི་མཇུག་བསྡོམས་ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ལས་འགན་གང་འཁུར་གྱི་ཡོད་རུང་ལྷག་བསམ་རྣམ་དག་གི་སྒོ་ནས་བྱེད་དགོས་པའི་གསུང་བཤད་གནང་རྗེས་སྤྱི་འཐུས་རྒྱ་རིགས་ཐར་མཆོག་གིས་ཟབ་སྦྱོང་བ་ཡོངས་ནས་ཉིན་ལྔའི་རིང་ལ་ཟབ་སྦྱོང་ནང་དོ་སྣང་ཆེན་པོས་མཉམ་ཞུགས་གནང་བར་བསྔགས་བརྗོད་གནང་བ་བཅས་ཀྱི་གནས་ཚུལ་དུ།།

 

 

 

Menu