བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕྱི་རྒྱལ་མཐོ་སློབ་ཀྱི་སློབ་གཉེར་བ་ཁག་ཅིག་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༥ ཚེས་ ༢༣ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བརྒྱུད་ཕྱི་རྒྱལ་མཐོ་སློབ་ཀྱི་སློབ་གཉེར་བ་ཁག་ཅིག་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་ནས་མཇལ་འཕྲད་གནང་བ་དང་།  དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་མིས་བོད་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་གནས་སྟངས་སྤྱི་དང་། ད་ལྟ་བོད་ནང་རྒྱ་མིའི་གདུག་རྩུབ་མནར་གཅོད་མི་བཟོད་པར་བོད་མིས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་མུ་མཐུད་མཁྲེགས་འཛིན་གྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས།  དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམ་པ་མི་འདྲ་བ་གསུམ་ཡོད་པ། རྒྱལ་སྤྱིའི་གྲོས་ཚོགས་ཚོགས་ཆེན་ཐེངས་དྲུག་གི་སྐོར་སྙིང་བསྡུས་དང་། འབྱུང་གྱུར་རྒྱལ་སྤྱིའི་གྲོས་ཚོགས་ཚོགས་ཆེན་ཐེངས་བདུན་པ་འཚོག་འཆར་གྲ་སྒྲིག་ཡོད་པ། གཞན་ཡང་སློབ་ཕྲུག་རྣམ་པར་བོད་དང་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་གལ་ཆེ་བའི་སྐོར་སོགས་གསུངས་གནང་ཡོད་པའི་གནས་ཚུལ་དུ། །

Menu