བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་ཅིག་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༥ ཚེས་ ༢༢ ཉིན་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་ཅིག་སྔ་དྲོ་ཕྱག་ཚོད་ ༡༠།༤༥ ཐོག་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྣེ་ལེན་མཇལ་འཕྲད་གནང་བ་དང་།  དེ་རྗེས་ཁོང་གིས་བོད་ཀྱི་འདས་དང་ད་ལྟ་མ་འོངས་བཅས་གསུམ་གྱི་གནས་སྟངས་ཐོག་སྙན་གསན་གནང་བ་དང་།  རྒྱལ་སྤྱིའི་གྲོས་ཚོགས་ཚོགས་ཆེན་ཐེངས་དྲུག་ཚོགས་གནང་བའི་སྐོར་སྙིང་བསྡུས་དང་། མ་འོངས་པ་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་བདུན་པ་འཚོགས་རྒྱུའི་གྲ་སྒྲིག་ཡོད་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་འདུའི་འགྲོ་ལུགས་དང་། སྤྱི་འཐུས་འདེམ་ཕྱོགས། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་གྲོས་ཆོད་འཇོག་སྟངས་སོགས་ཀྱི་སྐོར། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བྱུང་སྟངས་ཀྱི་སྐོར་སོགས་གསུངས་གནང་གྲུབ་མཚམས་སྐུ་ཚབ་ཚོགས་མི་རྣམ་པའི་དྲི་བར་ལན་འདེབས་གནང་བ་དང་། ཁོང་རྣམས་ལ་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ལས་དོན་གང་ཅིར་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་པ་དང་སྦྲགས་ཁོང་རྣམས་ལ་འཚམས་འདྲིའི་ཕྱག་རྟགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་དཔེ་དེབ་ཁག་ཅིག་འབུལ་གནང་མཛད། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་དང་སྐུ་མགྲོན་རྣམ་པ་གྲོས་ཚོགས་སུ་གཟིགས་སྐོར་ལ་ཕེབས་པ་བཅས་ཀྱི་གནས་ཚུལ་དུ།།