བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་གྱི་ཟབ་སྦྱོང་ཐེངས་དང་པོ་གཟབ་རྒྱས་ངང་མཇུག་བསྒྲིལ་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༦ ནས་ ༡༠ བར་ཉིན་ལྔའི་རིང་རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་གཞིས་ཆགས་ཤེས་ལོངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མེའོ་ཆོས་འཕེལ་གླིང་། ཀྲུ་ཀྲིང་། ཏི་རྫུ་དར་རྒྱས་གླིང་། ཤེས་ལོངས། འབུམ་ལ་བསྟན་འཛིན་སྒང་བཅས་ཀྱི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་ཁྱོན་མི་གྲངས་ ༤༩ ཙམ་ལ་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི་སོགས་ཀྱི་ཟབ་སྦྱོང་གཟབ་རྒྱས་ངང་མཇུག་བསྒྲིལ་ཡོད།

དེ་ཡང་ཟབ་སྦྱོང་གི་ཉིན་མཐའ་མར་སྐར་རྟགས་ཅན་གྱི་དྲི་བའི་ལས་རིམ་ཡིན་པར་ཟབ་སྦྱོང་བ་ཡོངས་ནས་ཐུགས་འཁུར་ཆེན་པོས་ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་དང་འཐུས་མི་རྣམ་པས་ལས་རིམ་འགོ་འཛུགས་གནང་བ་དང་། དེ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་ལ་ས་གནས་འཐུས་མི་རྣམ་པས་ས་གནས་འགོ་འཛིན་ལ་སྐར་རྟགས་ཅན་གྱི་དྲི་བ་དང་། འཕྲོས་དོན་དྲི་བར་ལན་འདེབས་གནང་བ་དང་། སྒྲིག་གཞི་བསྐྱར་བཅོས་བྱེད་ཕྱོགས་བཅས་ཀྱི་ཐོག་ཟབ་སྦྱོང་དམར་ཁྲིད་གནང་ཡོད།

ཟབ་འཁྲིད་གནང་མཁན་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ནས་ཀྱང་ཟབ་སྦྱོང་བ་རྣམས་དང་མཉམ་ཞུགས་གནང་ཡོད།  དྲི་བ་དྲིས་ལན་གྱི་ལས་རིམ་སྐབས་བར་གསེང་ཐུང་ངུ་བཞག་སྟེ་ཟབ་འཁྲིད་གནང་མཁན་གྱིས་ཟབ་སྦྱོང་བ་རྣམ་པར་སྐྱོན་དང་ནོར་འཁྲུལ་ཤོར་བ་རྣམས་ཡོ་བསྲང་བྱས་པ་སོགས་གནང་ཡོད།

ཉིན་མཐའ་མའི་དྲི་བ་དྲིས་ལན་གྱི་ལས་རིམ་ལ་རྟོག་ཞིབ་བྱེད་སྐབས་ཟབ་སྦྱོང་བ་རྣམ་པའི་ཚོགས་འདུའི་འགྲོ་ལུགས་ཀྱི་སྒྲིག་གཞི་བཞིན་ལུས་ཀྱི་འཁྱེར་སོ་དང་། བརྗོད་བྱ། སྒྲ་སྦྱོར་དང་། གོ་རིམ་སོགས་ཀྱི་ཐད་ཉིན་ལྔའི་ཟབ་སྦྱོང་ཀྱི་ཕན་ནུས་ཐོན་པ་གསལ་པོར་མངོན་ཡོད།

ཟབ་སྦྱོང་ནང་ཞུགས་མཁན་གྱི་མི་སྣའི་ལོ་ཚད་ནི་ ༢༥ ནས་ ༧༠ བར་ཡིན་ཡང་། ལོ་ན་གཞོན་པ་རྣམ་པས་སོ་སོའི་ས་གནས་ཀྱི་བདེ་སྡུག་དང་ཡར་རྒྱས་ཆེད་དོ་སྣང་ཆེན་པོས་ཆ་ཤས་གང་མང་ལེན་པ་དེ་བསྔགས་བརྗོད་བྱེད་འོས་པ་ཞིག་ཀྱང་ཆགས་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་། སྲ་བརྟན་ཡོང་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དང་པོ་གཟབ་རྒྱས་ངང་འཇུག་བསྒྲིལ་བ་བཅས་ཀྱི་གནས་ཚུལ་དུ།།

Menu