བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཆོག་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༦ ནས་ ༡༠ བར་ཉིན་ལྔའི་རིང་ལ་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད། མེའོ་ཆོས་འཕེལ་གླིང་། ཀྲུ་ཀྲིང་། ཏི་རྫུ་དར་རྒྱས་གླིང་། ཤེས་ལོངས། འབུམ་ལ་བསྟན་འཛིན་སྒང་བཅས་ཀྱི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་རྣམས་ལ་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་སོགས་ཀྱི་སྒྲིག་གཞིའི་ཐོག་ཤེས་ལོངས་ས་གནས་སུ་ཟབ་སྦྱོང་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་འདི་ཟླའི་ཚེས་ ༣ ཉིན་རྡ་ས་ནས་ཕེབས་ཐོན་དང་། ཕྱི་ཚེས་ ༤ ཉིན་ལྡི་ལི་ནས་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༦ ནས་ཟབ་སྦྱོང་འགོ་འཛུགས་གནང་རྒྱུ་བཅས་ཀྱི་གནས་ཚུལ་དུ།།

Menu