བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སུད་སིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ནས་གསར་འགོད་གསལ་བསྒྲགས་སྤེལ་བ།

IMG_8970

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་སྔ་དྲོའི་ཆུ་ཚོད་ ༡༡།༠༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་དང་། དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་རྣམས་ལྷན་འཛོམས་ཐོག་སུད་སིའི་གྲོས་ཚོགས་འཐུས་མི་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལྕམ་སྐུ་ Maya Graf མཆོག་ནས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་ཐོག་ང་ཚོ་འཐུས་མི་རྣམས་རྡ་སའི་ཁུལ་གྱི་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་གཞུང་འབྲེལ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་གཟིགས་བསྐོར་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཉིན་ཤས་གཟིགས་བསྐོར་བྱས་པའི་སྐབས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་བཞིན་གཞན་དང་མི་འདྲ་བར་མང་གཙོ་ཚད་ལྡན་ཐོག་འཛིན་སྐྱོང་གནང་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་རྗེས་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Barbara Gysi མཆོག་ནས་ཐེངས་འདིའི་འཚམས་གཟིགས་སྐབས་ཁོང་རྣམ་པར་བོད་དོན་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་སྔར་ལྷག་གོ་རྟོགས་བྱུང་ཡོད་སྐོར་དང་། བོད་ཀྱི་བདེན་མཐའ་གསལ་བའི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཆེད་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཐབས་འབད་བརྩོད་བྱ་རྒྱུ་ནི་སུད་སི་གཞུང་གི་ལས་འགན་གལ་ཆེན་པོ་ཞིག་ཆགས་ཡོད་སྐོར་གསུངས།

IMG_8961

དེ་ནས་སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Thomas Buchli ལགས་ཀྱིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་གནང་བཞིན་པ་དེ་ནི་རྒྱ་ནག་གི་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཚོར་རེ་བའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་རྒྱལ་སྤྱིའི་སྟེང་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཤེས་དགོས་ཞེས་དང་། བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན་སུད་སི་གྲོས་ཚོགས་འཐུས་མི་ ༢༤ ལྷག་གིས་བོད་ཀྱི་རྒྱལ་དར་ལག་ཏུ་བཟུང་ནས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེར་བསྟན་ཡོད། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སུད་སིར་རྒྱལ་དོན་འཚམས་གཟིགས་སུ་སླེབས་སྐབས། ས་གནས་བོད་རིགས་ཚོགས་པ་ཁག་བཞིས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཆེད་སུད་སི་གཞུང་ལ་རྒྱབ་སྐྱོར་ཆེད་འབོད་སྐུལ་གྱི་ཞུ་ཡིག་ཅིག་ཕུལ་ཡོད་པ་དེ་ཉིད་སྲིད་འཛིན་ཞི་ཅིན་ཕིང་ལ་དངོས་སུ་སྤྲོད་ཐུབ་པ་བྱུང་ཡོད་སྐོར་ཡང་གསུངས་སོང་།མཇུག་ཏུ་གསར་འགོད་པ་ཁག་གི་དྲི་བ་གནང་བར་སུད་སིའི་གྲོས་ཚོགས་འཐུས་མི་རྣམ་པས་བཀའ་ལན་གནང་ཡོད་པའི་གནས་ཚུལ་དུ།།

Menu