ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བ་དང་སྟབས་བསྟུན་ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་ཚོགས་དྲུང་སྟོབས་རྒྱལ་ལགས་དང་། གསར་དུ་བསྐོ་གཞག་བྱུང་བའི་ཚོགས་དྲུང་ལས་ཚབ་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་གཉིས་ལས་གནས་རྩིས་སྤྲོད་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཐོག་ཚོགས་དྲུང་སྟོབས་རྒྱལ་ལགས་ནས་ཚོགས་དྲུང་ལས་ཚབ་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་སུ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཞབས་སྟེགས་རྩིས་སྤྲོད་གནང་ཡོད་པ་རེད། རྩ་བའི་དེ་ཉིན་རེས་གཟའ་ཉི་མ་དང་། ཆོ་འཕྲུལ་དུས་ཆེན་བཅས་ཀྱི་ལས་གསེང་འཁེལ་ཡོད་ནའང་མཛད་སྒོ་སྟབས་བདེ་དེར་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་གཉིས་ཀྱིས་གཙོས་ལས་བྱེད་རྒན་གྲས་ཁག་གཅིག་མཉམ་ཞུགས་ཀྱིས་ཚོགས་དྲུང་གསར་པར་དགའ་བསུའི་འཚམས་འདྲི་དང་། ཚོགས་དྲུང་ཟུར་པར་དགའ་སྐྱེལ་བཅས་ཀྱི་མཇལ་དར་འབུལ་སྒྲོན་རྗེས་གསོལ་ཇ་ཞལ་ཏོག་སྟབས་བདེ་ཞིག་དང་བཅས་མཛད་སྒོ་གྲོལ་ཡོད་པ་རེད།
ཚོགས་དྲུང་ཟུར་པ་སྟོབས་རྒྱལ་ལགས་ཞབས་ལོ་ ༤༠ ལྷག་ཙམ་དང་། ཚོགས་དྲུང་ལས་ཚབ་ལྷ་ཚང་ཚེ་རིང་སྟོབས་རྒྱལ་ལགས་ཀྱང་ཞབས་ལོ་ ༤༠ ཟིན་ལ་ཉེ་བའི་ཞབས་ཡུན་རིང་དབུས་དང་ཕྱོགས་མཐའ་ཁག་གཉིས་སུ་ཕྱག་ལས་རྒྱུན་བསྲིངས་གནང་བའི་ཉམས་མྱོང་ཡོད་པའི་སྲི་ཞུ་བ་རྒན་གྲས་ཡིན་པ་རེད།