བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མྱ་ངན་གུས་འདུད་ཞུས་པ།

༄༅། །རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ར་བྷི་རེ་ Shri Rabi Ray མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གདུང་སེམས་མཉམ་སྐྱེ་དང་སྦྲགས་མྱ་ངན་གུས་འདུད་ཞུས་འདུག

དེ་ཡང་དམ་པ་ཁོང་གི་སྐུ་ཟླར་ཕུལ་བའི་འཕྲིན་ཡིག་ནང་འཁོད་དོན།  སྐུ་ཞབས་ར་བྷི་རེ་ Shri Rabi Ray མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བློ་ཕམ་ཧ་ཅང་བྱུང་། དམ་པ་ཁོང་ནི་རྒྱ་གར་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་འཛིན་མཁན་གྱི་ཆབ་སྲིད་པ་ཞིག་དང་། མེས་པོ་དམ་པ་གཱན་དྷི་མཆོག་གི་རྗེས་འབྲང་པ་ཞིག་ཡིན་པ་ཙམ་དུ་མ་ཟད། དེ་སྔའི་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཡང་གནང་མྱོང་ཡོད།  སྤྱིར་དམ་པ་ཁོང་ནི་བོད་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཉེ་པོ་ཡོད།  དེར་བརྟེན་ཐེངས་འདིར་སྐུ་ཞབས་ར་བྷི་རེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་འདི་ནི་རྒྱ་གར་ཙམ་མ་ཟད། བོད་ལའང་གྱོང་གུན་ཧ་ཅང་ཕོག་པ་ཞིག་ཆགས་ཡོད།  དཀའ་སྡུག་ཧ་ཅང་ཆེ་བའི་དུས་སྐབས་འདིར་ང་ཚོས་སྐུ་ཉིད་མཆོག་ལ་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། ཅེས་འཁོད་ཡོད། །

Menu