བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་སྟོབས་རྒྱལ་ལགས་སྲི་ཞུའི་ལས་བྱེད་ནས་བགྲེས་ཡོལ་ཕེབས་པར་གསོལ་སྟོན་གནང་བ།

 

IMG_7484

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་སྟོབས་རྒྱལ་ལགས་སྲི་ཞུའི་ལས་བྱེད་ནས་བགྲེས་ཡོལ་ཕེབས་པར་བརྟེན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༦ དགོང་དྲོ་ཆུ་ཚོད་ ༦།༠༠ ཐོག་རྡ་ས་མེག་གྷན་དུ་ཡོད་པའི་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཡོངས་ཚང་འཛོམས་ཀྱིས་གསོལ་སྟོན་ཞིག་གནང་ཡོད་པ་རེད།

IMG_7475

ཚོགས་དྲུང་སྟོབས་རྒྱལ་ལགས་ཐོག་མར་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་སུ་ཕྱི་ལོ་ ༡༩༧༦ ཟླ་ ༡༠ ཚེས་ ༡ ལ་འཛུལ་ཞུགས་ཀྱིས་སྲི་ཞུ་བའི་གནས་རིམ་གཞོན་དྲུང་ནས་བཟུང་ཐེག་པ་རིམ་འཛེགས་ཀྱིས་དྲུང་ཡིག་ཆེན་མོའི་གནས་རིམ་བར་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༨ བར་མི་ལོ་ ༤༠ ལྷག་རིང་ཞབས་ཞུ་ཧུར་བསྐྱེད་གནང་ཡོད། དེའི་ནང་ཕྱི་ལོ་ ༡༩༨༢ ཟླ་ ༢ ཚེས་ ༡༠ ནས་ ༡༩༩༠ ཟླ་ ༡༢ ཚེས་ ༣༡ བར་དང་། ཡང་ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༣ ཚེས་ ༡ ནས་ ༢༠༡༧ ཟླ་ ༢ ཚེས་ ༢༨ བར་བཅས་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་མི་ལོ་ ༢༠ ལྷག་ཙམ་རིང་ཞབས་ཞུ་གནང་ཡོད་པ་རེད། ཚོགས་དྲུང་སྟོབས་རྒྱལ་ལགས་ནས་ད་བར་མི་ལོ་ ༤༠ ལྷག་ཙམ་རིང་བོད་མིའི་སྒྲིག་འཛུགས་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུའི་ལས་དོན་མཐའ་འཁྱོལ་གནང་སྟེ་ད་ཆ་བགྲེས་ཡོལ་དུ་ཕེབས་པར་དགའ་སྐྱེལ་ཚུལ་དུ་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཁོང་ལ་གསོལ་སྟོན་ཞིག་གནང་ཡོད་པ་རེད།

IMG_7485

ཁོང་སྲི་ཞུའི་གཞུང་ཞབས་གནང་རིང་ཐོག་མར་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དང་། དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་། བྷན་རྡ་ར་ནོར་རྒྱས་གླིང་གཞིས་འགོ བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ལས་བྱེད། བཀའ་དྲུང་ཡིག་ཚང་། སླར་ཡང་བོད་མི་མང་སྤྱི་འཐུས་ལྷན་ཁང་བཅས་སུ་ཕྱག་ལས་གནང་ཡོད་པ་རེད།།

Menu