བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོར་མཇུག་སྐྱོང་།

 img_7145img_7146

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་སྙན་ཐོ་ནང་གསལ་མཇུག་སྐྱོང་དགོས་རིགས་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་གནང་བའི་སྙན་ཐོར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་དང་འབྲེལ་བདའ་འདེད་གནང་སྟེ། གྲུབ་དོན་སྙན་ཐོ་སྤྱི་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༣ པར་འབུལ་ལམ་ཞུ་དགོས་པའི་གྲོས་ཚོགས་སྔོན་མའི་གྲོས་ཆོད་དགོངས་དོན་བཞིན། སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༥,༢༦,༢༧,༢༨,༣༡ བཅས་སུ་བཀའ་ཤག་ནས་མཇུག་སྐྱོང་གནང་བའི་སྙན་ཐོ་ཕུལ་འབྱོར་ལ་ཞིབ་འཇུག་ནན་ཏན་གྱིས་ད་དུང་བདའ་འདེད་དགོས་པ་ཁག་དང་། ཁག་གཅིག་གི་ད་ལྟའི་གནས་སྟངས་ཇི་ཆགས། དེ་མིན་གསལ་བཟོ་དང་བསྐྱར་འདྲི་དགོས་རིགས། ཁག་གཅིག་རྩིས་གཙང་ཆགས་ལུགས་གསལ་བ་རྣམས་ལ་དན་རྟགས་ཡིག་ཆའི་ངོ་བཤུས་འབུལ་དགོས་སོགས་ཟུར་འདོན་གྱིས་ལས་ཁུངས་མ་ལག་དང་། ཁྱབ་ཁོངས་བཅས་ཀྱི་གཞི་རྒྱར་གཞིགས་ཏེ་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༥ དང་ཚེས་ ༣༠ སོ་སོ་འགྱངས་མེད་སྤྱི་འཐུས་རྒྱུན་ལས་སུ་ལན་འདེབས་གསལ་བཤད་འབུལ་དགོས་པའི་བཀའ་བློན་ལས་ཁུངས་སོ་སོར་ཕུལ་བ་ལྟར། སྡེ་ཚན་རེ་ཟུང་གིས་ཉིན་ཤས་དུས་འགྱངས་ཞུས་པ་ལས། དེ་མིན་ཚང་མས་ལན་འདེབས་གསལ་བཤད་དུས་བཀག་ནང་ཚུད་ཕུལ་འབྱོར་བྱུང་བའི་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༢ ཉིན་རྒྱུན་ལས་ལྷན་འཛོམས་ཀྱིས་ཐོག་མར་བཀའ་ཤག་གིས་མཇུག་སྐྱོང་གནང་བའི་སྙན་ཐོའི་ཁོངས་ནས་ནང་སྲིད་ལས་ཁུངས་དང་། དེའི་ཁྱབ་ཁོངས་ཏི་ཛུ་ས་གནས་འགོ་འཛིན་ལས་ཁང་ཁྱབ་ཁོངས་ཀྲུ་ཀྲིང་ས་འགོ་ལས་ཁང་དང་།   བལ་ཡུལ་འཇོ་ཁེལ་ཕུན་ཚོགས་གླིང་བཟོ་གྲྭ། ཨོ་རི་ས་རུམ་བཟོ་མཉམ་འབྲེལ། ར་ཝང་ལ་ས་གནས་འགོ་འཛིན་ལས་ཁང་། མེའོ་ཆོས་འཕེལ་གླིང་མཉམ་འབྲེལ། བལ་ཡུལ་ཤ་ཝ་ར་གསུམ་ས་གནས་འགོ་འཛིན་ལས་ཁང་། ཀོ་ལི་གྷལ་མཉམ་འབྲེལ། རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་། ཧོན་སུར་རབ་རྒྱས་གླིང་མཉམ་འབྲེལ། སྦིར་སྡེ་དགེ་ས་གནས་འགོ་འཛིན་ལས་ཁུངས་བཅས་ལ་ཞིབ་འཇུག་གནང་ཞིང་། འབྲེལ་ཡོད་ནང་སྲིད་ལས་ཁུངས་ཀྱི་རྩིས་པ་དང་། ནང་ཞིབ་པ་གཉིས་ཆེད་འབོད་ཀྱིས་ད་དུང་གཙང་བཟོ་བྱ་ཐབས་སྐོར་མངགས་བྱ་དང་། དེ་མིན་འདྲི་ཞིབ་དགོས་རིགས་དང་། ཁུངས་སྐྱེལ་དན་རྟགས་ཡིག་ཆའི་ངོ་བཤུས་འབུལ་རྒྱུ་ལྷག་བསྡད་རིགས་འཕྲལ་འབུལ་དགོས་མངགས་སོགས་གནང་ཞིང་། དེ་དང་ཆབས་ཅིག་ད་རེས་རྩིས་གཙང་བཟོ་མ་ཐུབ་པའི་རིགས་མུ་མཐུད་གཙང་བཟོའི་ཆེད་མཇུག་གནོན་དོ་ནན་དགོས་པ་དང་། དེ་མིན་བྱ་ཕྱོགས་ཀྱི་ལམ་སྟོན་སོགས་རྩིས་སྙན་དོན་ཚན་སོ་སོའི་འགལ་ཚབས་ལ་གཞིགས་པའི་སྙན་ཐོ་འགོད་ཕྱོགས་ཐག་གཅོད་གནང་བཞིན་ཕེབས་ཅིང་། བདུན་ཕྲག་འདིའི་ལས་ཉིན་ཆ་ཚང་ཞིབ་འཇུག་གི་ལས་དོན་འདིའི་ཆེད་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་གནང་རྒྱུ་གནང་ཡོད་པ་རེད།

 

Menu