བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་སྐུ་ཞབས་ Donald Trump མཆོག་ལ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ།

donald-trump-november-9-2016-new-york-exlarge-169

༄༅། །ཕྱི་ཟླ་ ༡༡ ཚེས་ ༨ རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ཡོངས་ཀྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་ནང་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ Donald Trump མཆོག་ལ་རྒྱལ་ཁ་ཐོབ་པའི་རྗེས། ཕྱི་ཟླ་ ༡༡ པའི་ཚེས་ ༩ རེས་གཟའ་ལྷག་པའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཁོང་ལ་འཚམས་འདྲི་ཕུལ་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཞབས་ Donald Trump མཆོག་དང་ཁྱེད་ཀྱི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཞེས་དང་། ཨ་རི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ནས་རང་རང་ཆབ་སྲིད་སོགས་ཀྱི་ལངས་ཕྱོགས་ཇི་ཡིན་ལ་མ་ལྟོས་པར་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གཅིག་གྱུར་དང་། སྤྱི་ནོར་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་དང་རྒྱབ་སྐྱོར་གནང་བཞིན་ཡོད་ལ། རྒྱ་ནག་གི་བཙན་གནོན་འོག་ཏུ་གནས་པའི་བོད་མི་རྣམས་དང་། དེ་མིན་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ལ་ཨ་རིའི་གཞུང་དང་མི་མང་གཉིས་ནས་ཧ་ཅང་གི་བཀའ་དྲིན་ཆེན་པོ་བསྐྱངས་དང་སྐྱོང་བཞིན་ཡོད་ཅེས་དང་། ད་རེས་སྐུ་ཞབས་ Donald Trump མཆོག་སྲིད་འཛིན་གསར་པར་འོས་འདེམས་བྱུང་བ་ལྟར། བོད་མི་ཚོར་འབྲེལ་ལམ་སྔར་བཞིན་རྒྱུན་སྐྱོང་གནང་བའི་རེ་བ་ཞུ་བཞིན་ཡོད།  ཁོང་གི་སྙིང་སྟོབས་དང་རྣམ་དཔྱོད་ལ་བརྟེན་ནས་ཨ་མི་རི་ཀའི་མ་འོངས་པའི་མདུན་ལམ་དེ་བཞིན་ཞི་བདེ་དང་། བརྟན་ལྷིང་། ཡར་རྒྱས་གོང་འཕེལ་བཅས་ཀྱི་ཕྱོགས་སུ་མདུན་བསྐྱོད་གནང་ཐུབ་པའི་སྨོན་འདུན་དང། སྲིད་འཛིན་གྱི་ཐུགས་འགན་བཞེས་རིང་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་དང་བཅས་འཁོད་ཡོད་པ་རེད།

 

Menu