བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོལ་རྒྱལ་དང་འབྲེལ་བའི་བླང་དོར་ཤེས་བྱ་གནད་བསྡུས་དཔར་བསྐྲུནའགྲེམས་སྤེལ་གནང་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༨ ཙམ་ནས་ཡོངས་བསྒྲགས་ཐོག་དོལ་རྒྱལ་བསྟེན་གསོལ་ཐད་བླང་དོར་ལམ་སྟོན་གྱི་རྩ་ཆེའི་བཀའ་སློབ་རིམ་པར་སྩལ་ཞིང་ཆོས་བརྒྱུད་དབུ་ཁྲིད་བླ་ཆེན་ཁག་དང་། ཡོངས་གྲགས་མཁས་ཤིང་གྲུབ་པའི་དབང་ཕྱུག་དམ་པ་མང་པོས་རྒྱབ་སྐྱོར་དང་། གནད་ཡོད་མི་སྣ་མང་པོས་ཟབ་གསལ་ལམ་སྟོན་གནང་འབྲས་སུ། ད་ལྟའི་ཆར་བོད་ཕྱི་ནང་དང་འཛམ་གླིང་ས་ཕྱོགས་གང་སར་གསུང་གི་བདུད་རྩི་ཉམས་སུ་མྱོང་མཁན་བརྒྱ་ཆའི་གོ་དགུ་ཙམ་གྱིས་རང་དོན་རང་གཅེས་ཀྱིས་ལམ་ནོར་ལྡོག་ཤེས་གནང་སྟེ། ཕྱི་གཙང་ནང་གཙང་ཆགས་ཟིན་པ་དང་། རང་མི་རིགས་འཆི་གསོན་ཆགས་འཇིག་གི་སྐབས་མཚམས་འདིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རླབས་ཆེན་མཛད་འཕྲིན་རིམ་པར་བསྐྱངས་དང་སྐྱོང་སྐབས། ལོ་ཤས་གོང་ནས་རྒྱ་གཞུང་གི་སྐབས་འཚོལ་དངུལ་དངོས་ཀྱིས་བསླུ་བྲིད་འོག་དོན་མ་གོ་བ་དང་། ཤེས་བཞིན་ཁྱད་གསོད་བྱེད་མཁན་ཡུལ་གྲུ་ཁ་ཤས་ཀྱི་གྲུ་དང་ཟུར་གྱི་གད་སྙིགས་སུ་གྱུར་ཅིང་རང་མི་རིགས་ཀྱི་དགྲ་ཟླར་ལངས་ཏེ་རུལ་སུངས་སུ་གྱུར་པ་འགའ་ཤས་ཀྱིས། རྒྱ་གཞུང་གིས་ཀྱང་ཡོངས་གྲགས་ཐོག་མངོན་སུམ་དུ་སྨྲ་མི་འོས་པའི་བརྗོད་ཚིག་དག་ཁ་ནས་ལུད་ཅིང་འཕྲེད་དར་དུ་བྲིས་ཏེ་མངོན་སུམ་འཛེམ་མེད་ཐོག་དོལ་རྒྱལ་ཁ་ལ་ཁྱེར་ནས་ངོ་རྒོལ་སྐད་འབོད་འཛེར་བའི་སྐབས་མཚམས་འདིར་དུས་བབ་ཀྱི་དགོས་མཁོར་དམིགས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རིམ་སྩལ་ཁོངས་ནས་གནད་ཆེའི་ལམ་སྟོན་ཁག་ཁ་ཤས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དུས་ནས་དུས་སུ་གྲོས་ཆོད་རིམ་འཇོག་མཛད་པ་ཁག་དང་། དཔལ་ལྡན་བཀའ་ཤག་གི་གསལ་བསྒྲགས་ཁག་ཅིག བསྟན་བདག་བླ་ཆེན་རྣམ་པས་དབུས་པའི་ཆོས་ཚོགས་ཀྱི་གྲོས་ཆོད། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལམ་སྟོན་གསུང་བཤད། དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད། དཔལ་ལྡན་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གི་གསུང་བཤད། དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གི་གསུང་བཤད་བཅས་རྩ་ཆེའི་ལམ་སྟོན་ལེགས་བཤད་ཁག་ཅིག་ཕྱོགས་བསྒྲིགས་དེབ་བསྐྲུན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལས་རིམ་གྱི་ཆ་ཤས་སུ་བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་དབུ་འབྱེད་ཀྱིས་འགྲེམས་སྤེལ་ཞུས་པར་ཀུན་གྱིས་ཐུགས་སྣང་དགོས་པའི་རེ་སྐུལ་ཞུ་རྒྱུ་དང་དྲ་རྒྱ་ www.tibetanparliament.org དེའི་ནང་གཟིགས་གནང་ཡོང་བ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན།།