བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སི་ཀོ་ཊ་ལན་ཌི་ནང་གི་གཞུང་འབྲེལ་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་བ།


༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༢༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སི་ཀོ་ཊ་ལན་ཌི་ (Scotland) ནང་གི་གཞུང་འབྲེལ་ལས་རིམ་ཁག་ལེགས་པར་གྲུབ་ཡོད་པ་རེད།


དེ་ཉིན་ལས་རིམ་ཐོག་མའི་སྐབས་གཙོ་བོ་སྒྲིག་འཛུགས་དབར་འབྲེལ་བ་སྲ་བརྟན་བཟོ་ཐབས་དང་། འཛིན་སྐྱོང་ཚགས་ཚུད་དང་ཞུ་སྐུལ་གྱི་ཐབས་ལམ་ཐོག་བཀའ་བསྡུར་ལྷུགས་པོ་བྱུང་ཞིང་། སྲིད་བྱུས་ཉམས་ཞིབ་པ་སྐུ་ཞབས་ཀེ་མེ་རོན་ གྷ་རེ་ཊི་ (Cameron Garrett) ལགས་དང་། སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རཱོ་སི་ གྷིར་ (Ross Greer) མཆོག་རྣམ་གཉིས་ཀྱིས་ཤེས་ཡོན་དང་། ཕྲུ་གུ། གཞོན་སྐྱེས་ཚོགས་སྡེ་ཁག་གིས་འགན་ཁུར་ཞུ་ཕྱོགས་ཐོག་འགྲེལ་བརྗོད་དང་། དེ་རྗེས་གྲོས་ཚོགས་འཐུས་མི་སྒེར་གྱིས་ཕྱི་ལོགས་ཀྱི་ཤེས་ཡོན་ (Outdoor Education) དང་འབྲེལ་བའི་ཁྲིམས་འཆར་ཞིག་འབྲེལ་ཡོད་ཚོགས་ཆུང་ནང་ངོ་སྤྲོད་གནང་བ་བརྗོད་པ་དང་པོའི་མཐའ་མའི་གཏན་འབེབས་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཉན་ཞིབ་ཏུ་ཆེད་བཅར་གནང་སྟེ། སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱི་ཁྲིམས་བཟོའི་ལས་རིམ་ཐོག་གཟིགས་ཞིབ་དང་རྒྱུས་ལོན་གནང་རྒྱུ་བྱུང་ཡོད་པ་དང་། ཉིན་གུང་སྐུ་ཞབས་རཱོ་སི་ གྷིར་ལགས་དང་། ཁོང་གི་ཕྱག་རོགས་ཁག་ཅིག་དང་ལྷན་གསོལ་ཚིགས་མཉམ་བཞེས་ཐོག་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུག


ཉིན་རྒྱབ་སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་ཇེ་ནེ་ ཅི་ནེམ་བྷི་རི་ (Jennie Chinembiri, Head of International Relations) མཆོག་དང་ལྷན་ཚོགས་འདུའི་ལས་རིམ་ཞིག་བསྐྱངས་ཤིང་། དེའི་སྐབས་སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཐབས་བྱུས་དང་། རྒྱལ་སྤྱིའི་ནང་མཉམ་ལས་གནང་ཕྱོགས་བཅས་རྒྱལ་ཁབ་གཉིས་དབར་འབྲེལ་བ་སྲ་བརྟན་དང་གོང་མཐོར་གཏོང་ཐབས་སྐོར་ལ་གསུངས་པ་དང་། ཕྱི་འབྲེལ་ལས་ཁུངས་ཀྱིས་སྟངས་འཛིན་འོག་སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཐབས་བྱུས་དང་། མཉམ་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་གི་འགན་ཁུར་ཞུ་ཕྱོགས་དང་། རྒྱལ་སྤྱིའི་འབྲེལ་ལམ་གོང་མཐོར་གཏོང་བཞིན་ཡོད་པའི་ཐོག་ལ་རྒྱུས་ལོན་གནང་འདུག


དེ་རྗེས་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཀེན་ མེག་གྷིན་ཊོ་ཤི་ (Ken Macintosh, former Presiding Officer) ལགས་དང་ལྷན་མཇལ་འཕྲད་གནང་ཞིང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱལ་སྤྱིའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཞུ་སྐུལ་གནང་རྒྱུའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་སྐོར་གསུངས་པ་དང་། སྐུ་ཞབས་ཁོང་གིས་སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་བའི་ཉམས་མྱོང་སྐོར་དང་ལམ་སྟོན་ཁག་ཅིག་གནང་བ་མ་ཟད། བོད་དོན་ཐོག་ཐུགས་འཚབ་དང་། བོད་ཀྱི་བདེན་དོན་ཐོག་རྒྱབ་སྐྱོར་ཡོད་སྐོར་གསུངས་འདུག


ལས་རིམ་མཐའ་མ་སྲིད་དོན་ཐབས་བྱུས་སློབ་སྟོན་པ་སྐུ་ཞབས་ཨ་ཡན་ གྷིལ་ (Iain Gill) ལགས་ཀྱིས་འདས་པའི་ཉིན་གྲངས་གསུམ་རིང་གི་ཤེས་ཡོན་ལས་འཆར་གྱི་ལས་རིམ་ཁག་གི་ཐོག་ལ་བསྐྱར་ཞིབ་དང་། བོད་ཀྱི་ད་ལྟའི་གནས་བབ་དང་འབྲེལ་བའི་ཐོག་ལག་བསྟར་རུང་བ་ཇི་ཡོད་གསལ་སྟོན་གནང་བ། ཞུ་སྐུལ་དང་ཐབས་བྱུས་ཀྱི་ལས་དོན་ཚགས་ཚུད་དང་ནུས་པ་ལྡན་པ་ཡོང་བར་སྐབས་མཚམས་དཔྱད་ཞིབ་བྱ་རྒྱུའི་ཐབས་ལམ་འདྲ་མིན་ལག་བསྟར་བྱས་ཏེ་ལས་དོན་དེ་དག་གི་གྲུབ་འབྲས་ཐོན་ཐབས་སོགས་ཀྱི་ཐོག་ལྷན་ཚོགས་ཤིག་ཚོགས་རྗེས། ཐེངས་འདིའི་སི་ཀོ་ཊ་ལན་ཌིའི་ནང་གི་ཤེས་ཡོན་སྐོར་བསྐྱོད་དང་འབྲེལ་བའི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།