༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༢༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་རྒྱལ་ས་ལོན་ཊོན་ནང་གི་ཤེས་ཡོན་ལས་འཆར་དང་འབྲེལ་བའི་ལས་རིམ་ཁག་མཇུག་བསྒྲིལ་གནང་ཡོད་པ་རེད།
དེ་ཉིན་སློབ་སྟོན་པ་ཨ་ཡན་ གྷིལ་ (Ian Gill) ལགས་ཀྱིས་ཆབ་སྲིད་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་དང་། འཆར་གཞི་བཟོ་རྒྱུར་དཔྱད་ཞིབ་དང་འབྲེལ་བའི་ཐོག་ལྷན་ཚོགས་ཤིག་ཚོགས་རྗེས། ཐེངས་འདིའི་ལོན་ཊོན་ནང་གི་ཤེས་ཡོན་ལས་འཆར་དང་འབྲེལ་བའི་ལས་རིམ་ཁག་མཇུག་བསྒྲིལ་ཡོད་འདུག
ཚོགས་ཐེངས་དང་པོའི་ཐོག་ཆབ་སྲིད་ཀྱི་འབྲེལ་ལམ་ཚགས་ཚུད་ཡོང་རྒྱུའི་གཞི་རྩའི་དོན་གནད་ཁག་དང་། བརྡ་འཕྲིན་གྱི་ཐབས་བྱུས། སྒེར་དང་ཆེད་ལས་ཐོག་མཐོང་སྣང་ཡག་པོ་བཟོ་རྒྱུ། ཚད་ལྡན་གྱི་སྲིད་བྱུས་གཏན་འབེབས་ལག་བསྟར་བྱ་ཐུབ་ཐབས་བཅས་ཀྱི་ཐོག་བགྲེལ་བརྗོད་དང་། ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་དམིགས་སའི་མང་ཚོགས་ལ་དཔག་པའི་གནས་ཚུལ་ཡང་དག་པ་འགྲེལ་བརྗོད་གནང་ཐུབ་རྒྱུའི་ཐོག་གོ་བསྡུར་དང་། དེ་ཡང་གཙོ་བོ་བོད་དོན་སྐོར་འགྲེལ་བརྗོད་དང་། བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་བ་བཅས་བརྒྱུད་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་ཤུགས་ཆེར་སྤེལ་ཏེ། རྒྱ་ནག་དམར་གཞུང་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གནས་ཚུལ་རྣམས་འགྲེལ་བརྗོད་ཚད་ལྡན་ཐུབ་རྒྱུའི་ཐོག་བགྲོ་གླེང་གནང་འདུག
ཚོགས་ཐེངས་གཉིས་པའི་སྐབས། འདས་པའི་བདུན་ཕྲག་ནང་གོ་བསྡུར་བྱུང་བའི་གལ་གནད་ཆེ་བའི་གནས་ཚུལ་ཁག་གི་ཐོག་བསྐྱར་ཞིབ་དང་། གནས་སྟངས་ལ་དཔག་པའི་ཇི་ལྟར་ལག་བསྟར་གནང་ཐུབ་ཐབས། ཞུ་སྐུལ་དང་ཐབས་བྱུས་ཀྱི་ལས་དོན་ཚགས་ཚུད་དང་ནུས་པ་ལྡན་པ་ཡོང་སླད་སྐབས་མཚམས་དཔྱད་ཞིབ་བྱ་རྒྱུའི་ཐབས་ལམ་འདྲ་མིན་ཐོག་ལ་བགྲོ་གླེང་གནང་འདུག
མཐའ་མ་ཞུ་སྐུལ་དང་འབྲེལ་ལམ་གནང་ཕྱོགས་ཀྱི་ནུས་པ་གོང་མཐོར་ཡོང་ཐབས་དང་། དེ་དག་ནུས་པ་དང་ལྡན་པ་ཞིག་ཡོང་བར་གནད་དོན་གང་ཞིག་ཡིན་རུང་དེའི་ཐོག་འགྲེལ་བརྗོད་ཚད་ལྡན་ཐུབ་རྒྱུ་དང་། མུ་མཐུད་སློབ་སྦྱོང་བྱ་རྒྱུ། བསྐྱར་ཞིབ་བྱ་རྒྱུ་སོགས་ཀྱི་གལ་གནད་ཐོག་བགྲོ་གླེང་གནང་འདུག་པ་བཅས།