བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་བྷལ་ཊིག་རྒྱལ་ཁབ་གསུམ་གྱི་ནང་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་བ།

ཨི་སི་ཊོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇུ་ཀུ་ ཀཱ་ལེ་ རཡེ་ཌི་ (MP Juku-Kalle Raid, Chair of the Tibet Support Group in the Estonian Parliament) མཆོག་གིས་གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན།

༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་རྒྱ་ཆེ་གནང་སྟེ། ཐེངས་འདིའི་ཡུ་རོབ་བྷལ་ཊིག་རྒྱལ་ཁབ་ལི་ཐུ་ཝི་ནི་ཡ་དང་། ལ་ཊི་ཝི་ཡ། ཨི་སི་ཊོ་ནི་ཡ་བཅས་གསུམ་གྱི་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་རྣམ་པ་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད།

དེ་ཡང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཡུ་རོབ་རྒྱལ་ཁབ་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཇུ་ཀུ་ ཀཱ་ལེ་ རཡེ་ཌི་ (MP Juku-Kalle Raid, Chair of the Tibet Support Group in the Estonian Parliament) མཆོག་གི་གོ་སྒྲིག་འོག དེ་གའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། གྲོས་ཚོགས་འཐུས་མི་ཧེན་ པོ་ལུ་ཨེ་སི་ (MP Henn Põlluaas) མཆོག་དང་། གྲོས་ཚོགས་འཐུས་མི་ཀཱ་ལེ་ ལཱ་ནེ་ཊི་ (MP Kalle Laanet) མཆོག གྲོས་ཚོགས་འཐུས་མི་ཇུ་རི་ ཇན་སན་ (MP Jüri Jaanson) མཆོག  གྲོས་ཚོགས་འཐུས་མི་ཊོ་ནི་སི་ ལུ་ཀཱ་སེ་ (MP Tõnis Lukas) མཆོག གྲོས་ཚོགས་འཐུས་མི་ཊར་མོ་ ཊེམ་ (MP Tarmo Tamm) མཆོག་བཅས་ཁྱོན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་དྲུག་ལྷན་འཛོམས་ཐོག་ཚོགས་འདུ་ཚོགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་སྦྲགས། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་སོགས་བོད་དོན་ཐོག་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུག

དེ་རྗེས་ཆུ་ཚོད་ ༠༡།༣༠ ཐོག་ཊ་ལིན་ཚན་རིག་གཞི་རིམ་སློབ་གྲྭ་ (Tallinna Reaalkool (Tallinn Secondary School of Science)) ཡི་ནང་བོད་དོན་སྐོར་ངོ་སྤྲོད་གསུང་བཤད་གནང་རྒྱུའི་སླད་ཕེབས་ཤིང་། སྐབས་དེར་སློབ་གྲྭའི་འགན་འཛིན་གཞོན་པ་མ་ཌི་སི་ སོ་མེ་ལར་ (Mr Madis Somelar, Deputy Head of school) ལགས་ཀྱིས་གཙོས་པའི་དེ་གའི་འཛིན་རིམ་བཅུ་གཅིག་དང་། བཅུ་གཉིས་བཅས་ཀྱི་སློབ་ཕྲུག་རྣམས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། ཕན་ཚུན་དྲི་བ་དྲིས་ལན་གནང་བ་སོགས་ཆུ་ཚོད་གསུམ་ཙམ་རིང་བོད་དོན་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཡོད་འདུག

འཇར་མན་དང་། ནོར་ཝེ། ཨཡེ་སི་ལན་ཌི། བྷོ་སི་ནི་ཡ། ཧར་ཛེ་གྷོ་ཝི་ནཱ། མ་སི་ཌོ་ནིཡ། མོན་ཊེ་ནེ་གྷོ་རོ། སར་སྦི་ཡ། ཨུ་རུ་སུ་བཅས་ལ་ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་ཀྱི་གཞུང་ཚབ་གནང་མྱོང་མཁན་སྐུ་ཞབས་ཨར་ཌི་ ཧིལ་པ་སེ་ (Ardi Hilpus) མཆོག་དང་ལྷན།

དགོང་དྲོ་ཆུ་ཚོད་ ༠༧།༣༠ ཐོག་འཇར་མན་དང་། ནོར་ཝེ། ཨཡེ་སི་ལན་ཌི། བྷོ་སི་ནི་ཡ། ཧར་ཛེ་གྷོ་ཝི་ནཱ། མ་སི་ཌོ་ནིཡ། མོན་ཊེ་ནེ་གྷོ་རོ། སར་སྦི་ཡ། ཨུ་རུ་སུ་བཅས་ལ་ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་ཀྱི་གཞུང་ཚབ་གནང་མྱོང་མཁན་སྐུ་ཞབས་ཨར་ཌི་ ཧིལ་པ་སེ་ (Ardi Hilpus) མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་། དེ་རྗེས་དགོང་དྲོ་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་གསུམ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་དགོང་ཚིགས་མཉམ་བཞེས་ཀྱིས་བོད་དོན་ཐོག་བཀའ་བསྡུར་ལྷུགས་པོ་གནང་རྗེས། ཐེངས་འདིའི་ཡུ་རོབ་བྷལ་ཊིག་རྒྱལ་ཁབ་ལི་ཐུ་ཝི་ནི་ཡ་དང་། ལ་ཊི་ཝི་ཡ། ཨི་སི་ཊོ་ནི་ཡ་བཅས་གསུམ་གྱི་ནང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་ཡོད་པ་རེད།

བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྐབས། ཨིན་ལན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་ཀུན་དགའ་ལགས་དང་། ཨི་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རོཡེ་ སི་ཊིརི་ཌར་  (Roy Strider) ལགས་མཉམ་ཞུགས་གནང་ཡོད་པ་བཅས།