བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ལ་ཊི་ཝི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་ཡུ་རོབ་ལ་ཊི་ཝི་ཡའི་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

ལ་ཊི་ཝེ་ཡ་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཌཡེ་གྷ་ མཡེ་རི་ནཱ་ (Daiga Mieriņa MP) མཆོག

༄༅། །བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ལི་ཐུ་ཝེ་ནི་ཡ་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༣ ཉིན་ཡུ་རོབ་བྷལ་ཊིག་རྒྱལ་ཁབ་ལ་ཊི་ཝི་ཡའི་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ལ་ཊི་ཝི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་རྒྱ་ཆེ་གནང་ཡོད་པ་རེད།

གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་ (Juris Viļums  MP) མཆོག

 དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་ཡུ་རོབ་རྒྱལ་ཁབ་ལ་ཊི་ཝེ་ཡ་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ཌཡེ་གྷ་ མཡེ་རི་ནཱ་ (Daiga Mieriņa MP) མཆོག་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་འཐུས་མི་སྐུ་ཞབས་ཇུ་རི་སེ་ ཝི་ལམ་སི་ (Juris Viļums  MP) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལེཀ་སན་ཌིར་སི་ ཀེ་རི་ཊིན་ (Aleksandrs Kirsteins) མཆོག་བཅས་དང་ལྷན་མཇལ་འཕྲད་གནང་སྟེ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལེཀ་སན་ཌིར་སི་ ཀེ་རི་ཊིན་ (Aleksandrs Kirsteins) མཆོག

 དེ་རྗེས་ཉིན་གུང་ཆུ་ཚོད་ ༠༡།༣༠ ཐོག་ལ་ཊི་ཝི་ཡར་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་སྐུ་ཞབས་ཨན་ཌི་རིའུ་སི་ བྷཡེ་ལེ་ (Andrew BYrlY) ལགས་དང་མཇལ་འཕྲད་ཀྱིས་ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

ལ་ཊི་ཝི་ཡར་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་སྐུ་ཞབས་ཨན་ཌི་རིའུ་སི་ བྷཡེ་ལེ་ (Andrew BYrlY) ལགས།

མཇལ་འཕྲད་སྐབས། ཨིན་ལན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་ཀུན་དགའ་ལགས་དང་། ལ་ཊི་ཝེ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཇཱ་ནི་སིེ་ མར་ཊིན་ སི་ཀུ་ཇཱ་ (Janis Martin Skuja) ལགས་མཉམ་ཞུགས་གནང་ཡོད་འདུག

དགོང་དྲོ་ཆུ་ཚོད་ ༠༧།༢༥ ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ལ་ཊི་ཝི་ཡ་གནམ་ཐང་ནས་ཨི་སི་ཊོ་ནི་ཡའི་རྒྱལ་ཁབ་མུ་མཐུད་བོད་དོན་ཞུ་སྐུལ་སླད་ཕེབས་ཐོན་གནང་ཡོད་པ་བཅས།