བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་ཡུ་རོབ་ལི་ཐུ་ཝེ་ནི་ཡའི་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།


༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༡༡ ནས་ ༡༢ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་ཡུ་རོབ་བྷལ་ཊིག་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡ་ནང་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་ཡོད་པ་རེད།


དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་ཡུ་རོབ་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་ཚོགས་ཁང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌིར་ཡ་སེ་ ན་ཝིག་ཀ་སེ་ (Andrius Navickas, Chair of the Tibet support group of the Parliament) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སེ་ ཝ་ལིན་སི་ཀ་ (Arunas Valinskas) མཆོག གྲོས་ཚོགས་འཐུས་མི་མ་ཊ་སི་ མལ་ཌཡེ་ཀི་སི་ (Matas Maldeikis MP) མཆོག གྲོས་ཚོགས་འཐུས་མི་ཀེ་སི་ཊུ་ཊི་སི་ ན་ཝིག་ཀ་སེ་ (Kestutis Navickas MP) མཆོག གྲོས་ཚོགས་འཐུས་མི་མོ་ནི་ཀ་ ན་ཝིག་ཀེ་ནེ་ (Monica Navickiene MP) མཆོག་བཅས་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་འཐུས་མི་ཁྱོན་ལྔ་དང་ལྷན་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ། བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག


ཐེངས་དེའི་མཇལ་འཕྲད་སྐབས་ཨིན་ལན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་ཀུན་དགའ་ལགས་དང་། ལི་ཐུ་ཝེ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་བཅུ་མཉམ་ཞུགས་གནང་འདུག་པ་བཅས།