༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཇར་མན་རོགས་ཚོགས་ (Friedrich Naumann Foundation) ཀྱིས་སྣེ་ཁྲིད་པའི་འཇར་མ་ནཱིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥེ་རེང་ མུ་ལར་ རོ་སིན་ཊི་རི་ཊི་ (Frank Muller-Rosentritt) མཆོག་དང་། འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) ལགས། ཚོགས་པའི་ལས་འཆར་འགན་འཛིན་རྒན་པ་ནུ་པུར་ཧ་ས་ཇི་ཡ་ (Nupur Hasija) ལགས། འཇར་མན་གཞུང་ཚབ་ཁང་གི་རིག་གཞུང་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་མར་ཁོ་ ཤིལ་ཌར་ (Marco Schilder, Head, Cultural Department, Embassy of the Federal Republic of Germany) ལགས། གསར་འགོད་པ་དང་སློབ་གཉེར་བ་སོགས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་དགོང་དྲོའི་གསོལ་སྟོན་དང་། རིག་གཞུང་གཞས་སྣ་གོ་སྒྲིག་ཞུས་གནང་ཡོད།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་། ཕྱོགས་བཞུགས་སྤྱི་འཐུས་དང་། ཡུ་རོབ་དང་། ཨོ་སེ་ཀྲེ་ལེ་ཤི་ཡའི་སྤྱི་འཐུས་རྣམ་པ་བཅས་ཆེད་བཅར་གནང་ཡོད་པ་དང་། འདུ་འཛོམས་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་སྦྲགས།
ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་རོགས་ཚོགས་ (FNF) ཡི་ལྷོ་ཨེ་ཤི་ཡའི་སྡེ་ཚན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབར་ཕྱི་ལོ་ ༡༩༩༡ ནས་ད་བར་ལོ་ངོ་ ༣༠ བར་གྱི་འབྲེལ་བ་ཡོད་པའི་སྐོར་དང་། སྡེ་ཚན་དེའི་ཐོག་ནས་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་སྣེ་ཁྲིད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སྐོར་ཤེས་རྟོགས་བྱེད་ཀྱི་ཡོད་པ་དང་། ད་རེས་འཇར་མན་གྲོས་ཚོགས་འཐུས་མི་དང་། མལ་དེབ་གྲོས་ཚོགས་འཐུས་མི་སོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་རིམ་ཐོག་གྲོས་ཚོགས་ནང་ཟུར་ཉན་ཕེབས་ཏེ་ལས་རིམ་རྒྱུས་ལོན་དང་།
དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་རྒྱུ་བྱུང་བ་སོགས་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་མཁྱེན་རྟོགས་བྱུང་བའི་སྐོར། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། དེའི་ཐོག་ཚང་མས་ཞིབ་འཇུག་གནང་བའི་ཐོག་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ། ཕྱི་ལོ་ ༢༠༢༥ ལོར་ཉི་འོང་ནང་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་ལ་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་མཉམ་ཞུགས་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་སོང་།
འཇར་མ་ནཱིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥེ་རེང་ མུ་ལར་ རོ་སིན་ཊི་རི་ཊི་ (Frank Muller-Rosentritt) མཆོག་གིས་ཐོག་མར་རིག་གཞུང་འཁྲབ་སྟོན་གོ་སྒྲིག་གནང་བར་བསྔགས་བརྗོད་དང་། ཁོང་ཉིད་ཤར་འཇར་མ་ནཱི་ནས་ཡིན་པ་དང་། དེ་ཡང་ཐོག་མར་དམར་ཤོག་ཚོགས་པའི་འོག་འཚར་ལོངས་དང་། རིམ་པས་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་འཇར་མན་ཤར་ནུབ་གཉིས་རྒྱལ་ཁབ་གཅིག་ལ་ཟླ་བསྒྲིལ་གནང་སྐབས་བཅས་ཚང་མར་མྱོང་རྒྱུད་ཡོད་སྟབས། མང་གཙོ་དང་། རང་དབང་གི་གལ་གནད་མཁྱེན་རྟོགས་ཡོད་པའི་སྐོར་དང་། དེ་བཞིན་རྒྱ་ནག་དམར་ཤོག་འོག་བོད་མི་ཚོ་ལའང་དེ་མཚུངས་ཀྱི་དཀའ་ངལ་མྱོང་བཞིན་ཡོད་པར་བརྟེན་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པ་སོགས་གསུངས་གནང་སོང་།
ཕྱི་ཚེས་ ༢༡ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་མལ་དེབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥེ་ཡ་ཛི་ ཨི་སི་མེལ་ (Fayyaz Ismail, MP) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་བཅས།