༄༅། །བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་བྷེ་རར་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་༢༠ ཉིན་སྔ་དྲོ་ཆུ་ཚོད་ ༡༡ པའི་ཐོག་སྤྱི་འཐུས་རྣམ་པས་ཐེ་ཝན་གཞུང་ཚབ་ཆེན་མོ་སྐུ་ཞབས་ཌོག་ལ་སེ་ ཡུ་ ཊིན་ སུ་ (Representative Douglas Yu-tien Hsu, Taipei Economic and Cultural Office in Australia) ལགས་དང་། ཁོང་གི་ལས་རོགས་བཅས་དང་ལྷན་མཇལ་འཕྲད་ཀྱིས་བོད་དང་། ཐེ་ཝན་ཐུན་མོང་གི་དཀའ་ངལ་དང་། འགན་འཁྲིའི་སྐོར་སོགས་གལ་ཆེའི་གནད་དོན་མང་དག་ཅིག་གི་ཐོག་བཀའ་བསྡུར་ལྷུག་པོ་བྱུང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ པའི་ཐོག་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་སྐུ་ཞབས་ཌེ་ཝི་ཌི་ མུ་ནི་ཛི་ (David Muniz) ལགས་དང་། ཁོང་གི་ལས་རོགས་བཅས་དང་ལྷན་མཇལ་འཕྲད་ཀྱིས་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (The Resolve Tibet Act) དེ་བཞིན་ཁྲིམས་སུ་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཁག་གཙོ་འདོན་གྱིས་ཨ་རིའི་གཞུང་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་གནང་ཡོད་འདུག
ཕྱི་དྲོ་ཆུ་ཚོད་ ༤།༠༠ པར་སྤྱི་འཐུས་རྣམ་པས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་སི་མོན་ བྷིར་མིངྒ་ཧམ་ (Simon Birmingham, Leader of the Opposition in the Australian Senate and Shadow Foreign Minister) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། ཨོ་སི་ཀྲོ་ལི་ཡའི་གཞུང་གི་ངོས་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་དགོས་པའི་དོན་གནད་ཁག་གཙོ་འདོན་གྱིས་ཞུ་སྐུལ་གནང་འདུག
དེ་ཉིན་ལས་རིམ་སྐབས་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་དང་། དྲུང་ཆེ་དང་རྩིས་པ་གཅིག་ལྕོགས་ལྷ་དབང་རྒྱལ་པོ་ལགས། རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་བཅས་མཉམ་བཅར་ཞུས་གནང་འདུག་པ་བཅས།