བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཞོན་མཆོག་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡ་ཝིག་ཊོ་རི་ཡའི་མངའ་སྡེའི་ནང་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཟླ་ ༨ པའི་ཚེས་ ༡༩ ཉིན་ཨོ་གླིང་རྒྱལ་ས་ཁེན་བྷེ་རར་ཨོ་གླིང་གྲོས་ཚོགས་འོག་མའི་ཚོགས་གཞོན་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡།༠༠ བར་བོད་མི་མང་སྤྱི་འཐུས་རྣམ་པས་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཨོ་གླིང་བོད་དོན་ལྷན་ཁང་གི་འགན་འཛིན་འབུམ་རམས་པ་ཛོའི་ བྷེ་ཌི་ཕོར་ཌི་ (Dr. Zoe Bedford, Executive officer, Australia Tibet council) ལགས་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་འབུམ་རམས་པ་ཛོའི་ལགས་ཀྱིས་ཨོ་སི་ཀྲོ་ལི་ཡའི་མང་གཙོའི་འགྲོ་ལུགས་སྐོར་ངོ་སྤྲོད་གནང་བ་དང་།

དེ་རྗེས་ཆུ་ཚོད་ ༡༡།༠༠ ནས་ ༡༢།༠༠ བར་ཨོ་གླིང་རྒྱལ་སྤྱིའི་སློབ་གཉེར་ཁང་གི་འགན་འཛིན་འབུམ་རམས་པ་བྷེ་རེ་སི་ ཝེག་ཧྥིལ་ཊི་ (Dr. Byrce Wakefield) ལགས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་ཕན་ཚུན་དྲི་བ་དྲིས་ལན་གྱི་ཐོག་ནསབཀའ་བསྡུར་ལྷུག་པོ་གནང་ཡོད་འདུག

ཉིན་གུང་ཆུ་ཚོད་ ༡།༠༠ ནས་ ༢།༠༠ བར་བོད་མི་མང་སྤྱི་འཐུས་རྣམ་པས་ཨོ་གླིང་དབུས་གྲོས་ཚོགས་ཀྱི་ (Committee Hall) ཚོགས་ཁང་དུ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྙན་དོན་ཚན་བཅུ་གཉིས་ཅན་རེ་ཕུལ་བ་དང་སྦྲགས། དྲི་བ་དྲིས་ལན་གྱི་ལམ་ནས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་ཕན་ཚུན་བཀའ་བསྡུར་ལྷུག་པོ་བྱུང་བ་མ་ཟད། ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པའི་ངོས་ནས་ཀྱང་ཞུ་སྙན་གྱི་དོན་ཚན་ཁག་གི་ཐོག་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

སྐབས་དེར་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌེ་བྷོ་རཱ་ ཨོ་ ནིལ་ (Senator Deborah O’Neill) མཆོག་དང་། ཚོགས་མི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་སུ་སན་ ཊེམ་པལ་མན་ (MP Susan Templeman) མཆོག ཚོགས་མི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌེན་ སི་མིཏི་ (Senator Dean Smith) མཆོག

ཚོགས་མི་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་གཞོན་པ་ཟུར་པ་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེ་ཀལ་ ཕ་རན་སིས་ མེཀ་ཀོར་མེཀ་ (Former Deputy Prime Minister and MP Michael Francis McCormack) མཆོག ཚོགས་མི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་ཌི་རིའུ་ བྷུ་རུ་སི་ ཝ་ལེ་སི་ (Former Speaker of the House and MP Andrew Bruce Wallace) མཆོག གྲོས་ཚོགས་འོག་མའི་འཐུས་མི་སོ་ཧྥི་ཡ་ སི་ཀེམ་སི་ (Dr. Sophie Scamps, Federal MP for Mackellars) མཆོག་སོགས་ཕེབས་ཡོད་འདུག

དགོང་དྲོ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པར་ཕེབས་བསུ་དང་ཆེ་བསྟོད་སླད། གྲོས་ཚོགས་ནང་གསོལ་སྟོན་ཞིག་བཤམས་ཤིང་། སྐབས་དེར་ཨོ་གླིང་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ཤཱ་རོན་ ཁེ་ལེ་ཊོན་ (Sharon Clayton, Federal MP for New Castle and Deputy Speaker, House of Representatives) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོར་ཌོན་ ཨེ་ལེག་ཛན་ཌར་ སི་ཊི་ལེ་ ཇོན་ (Senator Jordon Alexander Steele-John) མཆོག དེ་བཞིན་གོང་གསལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཕེབས་ཡོད་འདུག

དེ་ཉིན་ལས་རིམ་སྐབས་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་དང་། དྲུང་ཆེ་དང་རྩིས་པ་གཅིག་ལྕོགས་ལྷ་དབང་རྒྱལ་པོ་ལགས། རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས། དེ་བཞིན་ཨོ་གླིང་བོད་དོན་ལྷན་ཁང་གི་འགན་འཛིན་ཛིའོ་ལགས། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ཐུབ་བསྟན་ལགས་བཅས་མཉམ་བཅར་ཞུས་གནང་འདུག་པ་བཅས།