བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡའི་ཝིག་ཊོ་རི་ཡ་མངའ་སྡེའི་ནང་མུ་མཐུད་བོད་དོན་ལས་རིམ་བསྐྱངས་པ།

༄༅། །བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡའི་ཝིག་ཊོ་རི་ཡ་མངའ་སྡེའི་ནང་མུ་མཐུད་བོད་དོན་ལས་རིམ་བསྐྱངས་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༡༦ ཉིན་མེལ་བྷོན་ཁུལ་གྱི་བོད་རྒྱ་མཛའ་འབྲེལ་ཚོགས་པས་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པར་ཆེ་བསྟོད་སླད་དགོང་དྲོའི་གསོལ་སྟོན་ཞིག་བཤམས་འདུག་ཅིང་།

དེའི་སྐབས་བོད་རྒྱ་མང་ཚོགས་གཉིས་ནི་རྒྱ་ནག་དམར་གཞུང་འོག་སྡུག་སྦྱོང་མནར་གཅོད་མྱོང་མཁན་གཅིག་པ་ཡིན་པའི་ཆ་ནས་ཕན་ཚུན་འཆམ་མཐུན་དང་དུས་ནས་དུས་སུ་མཉམ་འབྲེལ་དགོས་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་ཐོག་ཕན་ཚུན་བཀའ་བསྡུར་ལྷུག་པོ་གནང་འདུག

ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་རྣམ་པ་བྷན་ཊི་གོ་ (Bendigo) ས་གནས་སུ་བྱམས་བརྩེའི་མཆོད་རྟེན་ཆེན་མོར་གནས་གཟིགས་ཕེབས་པ་དང་

སྐབས་དེར་དེ་གའི་དབུ་འཛིན་སྐུ་ཞབས་ཨི་ཡན་ གྷི་རིན་ (Ian Green, Chair Man of the Great Stupa of Universal Compassion) མཆོག་གིས་བྱམས་བརྩེའི་མཆོད་རྟེན་གྱི་ལོ་རྒྱུས་དང་། དེ་བཞིན་རྟེན་གཙོ་རྣམས་ཀྱི་སྐོར་ལ་འགྲེལ་བཤད་གནང་འདུག

དགོང་དྲོ་ཝིག་ཊོ་རི་ཡ་ས་གནས་བོད་རིགས་མཐུན་ཚོགས་ནས་སྤྱི་འཐུས་རྣམ་པར་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པའི་ཐོག བོད་དོན་རྒྱབ་སྐྱོར་བ་དང་། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ལྕམ་སྐུ་ཇེ་ནི་ཊི་ རཡེ་སི་ (Janet Rice) མཆོག་དང་ལྷན་བོད་དོན་ཐོག་བཀའ་བསྡུར་ལྷུག་པོ་བྱུང་འདུག

དེ་ཉིན་ལས་རིམ་སྐབས་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་དང་། རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས། མེལ་བྷོན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསམ་གྲུབ་ལགས་དང་། ཚོགས་གཞོན་ཆོས་གྲགས་ལགས། མེལ་བྷོན་ས་གནས་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་བའི་འབྲེལ་མཐུད་པ་བསྟན་འཛིན་ནོར་འཛིན་ལགས་བཅས་མཉམ་བཅར་ཞུས་གནང་འདུག་པ་བཅས། །