༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡ་ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་སྐོར་བགྲོ་གླེང་གནང་སྟེ། ཐེངས་འདིའི་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་ཝིག་ཊོ་རི་ཡ་(Victoria) མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དེ་གའི་ཚོགས་གཙོ་ལྕམ་སྐུ་རེ་ ཨི་ཌི་ཝར་ཌ་སེ་ (Hon. Maree Edwards MP, Speaker of the Victorian Legislative Assembly) མཆོག་དབུ་བཞུགས་ཐོག་ “བོད་ཀྱི་གནད་དོན་གལ་གནད་ཇི་ཆགས།” (Why Tibet Matters) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཤིང་། སྐབས་དེར་ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་རྣམ་པ་མངའ་སྡེའི་གྲོས་ཚོགས་སུ་ཕེབས་པར་འཚམས་འདྲི་དང་། ཆབས་ཅིག་སྤྱི་འཐུས་རྣམ་པ་ད་རེས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་གསུང་བཤད་དང་བགྲོ་གླེང་གནང་བར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་རང་བཞིན་ལ་མི་སྒེར་དང་། གྲོས་ཚོགས་འཐུས་མིའི་ངོས་ནས་གདོང་ལེན་གནང་ཕྱོགས་སྐོར། ལྷག་པར་དུ་ཉེ་ཆར་ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་སྐོར་སོགས་ཀྱི་ཐོག་གསུངས་གནང་འདུག
དེ་རྗེས། ཝིག་ཊོ་རི་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སེམ་ ཧི་སྦིན་ (Mr Sam Hibbins MP) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀཱེ་ཊི་ ཧོལ་ (Ms Katie Hall MP) མཆོག་གི་དྲུང་ཡིག་སྐུ་ཞབས་ལུཀ་ (Mr. Luke) ལགས་རྣམ་པ་གཉིས་ཀྱི་གཙོ་སྐྱོང་འོག གོང་གསལ་བརྗོད་གཞིའི་ཐོག་སྤྱི་འཐུས་རྣམས་དང་ལྷན་ཆུ་ཚོད་གཉིས་ལྷག་རིང་དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས་ཡོད་འདུག