༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཉིན་གྲངས་བཞི་རིང་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ལེགས་གྲུབ་ཀྱིས་མཇུག་བསྒྲིལ་གནང་ཡོད།
དེ་ཡང་ཕྱི་ཟླ་ ༧ པའི་ཚེས་ ༢༩ ཉིན་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་དང་། ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་རྩིས་འགོ་ཁག་འགྲེལ་བརྗོད། དེ་བཞིན་དཔལ་འབྱོར་གྱི་ལས་དོན་བཅས་ཀྱི་ཐོག་ཟབ་ཁྲིད་དང་། དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
ཕྱི་ཟླ་ ༧ པའི་ཚེས་ ༣༡ ནས་ཟླ་ ༨ པའི་ཚེས་ ༡ བར་དམརཁྲིད་གྲོས་ཚོགས་བསྐྱང་རྒྱུའི་ཆེད། ཟབ་ཁྲིད་གནང་མཁན་སྤྱི་འཐུས་རྣམ་གཉིས་ཀྱི་ལམ་སྟོན་འོག་ཚོགས་ཞུགས་པ་རྣམས་ཀྱིས་ལས་རིམ་གྱི་ཡིག་ཆ་བཟོ་དགོས་ཁག་དང་ལས་རིམ་བཅས་གྲ་སྒྲིག་གནང་སྒོ་ཁག་གནང་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༡ སྔ་དྲོ་ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་ས་གནས་འཐུས་ཚོགས་དངོས་སུ་ཚོགས་པ་ལྟར། ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ། ཚོགས་འདུ་དབུ་འཛུགས་ཀྱི་ཚོགས་གཙོའི་གསུང་བཤད། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་བསྐོ་གཞག་གིས་མཚོན། ཀོ་ལི་གྷལ་དོན་གླིང་གི་ས་འཐུས་ཚོགས་གཙོས་གཙོ་སྐྱོང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་གྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན། དེར་བགྲོ་གླེང་། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཐུགས་སྣང་གཞེན་སྐུལ། ས་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་སོགས་ཚོགས་མི་ཚང་མར་དཔེ་མཚོན་གྱི་ཡིག་ཆ་ཁག་ཡོད་པའི་ཐོག་ཚོགས་གཙོའི་མཇུག་སྡོམ་གྱི་གསུང་བཤད་བཅས་ལས་བསྡོམས་ཀྱི་དམར་ཁྲིད་ལས་རིམ་བསྐྱངས་ཡོད་ཅིང་།དམར་ཁྲིད་ལས་རིམ་སྐབས་མཉམ་ཞུགས་པ་ཚང་མས་ཐུགས་སྣང་ཆེན་པོས་ཆ་ཤས་བླངས་ཡོད་པ་དང་། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་སྐབས་དུས་སོ་སོར་སྐྱོན་གནད་ཡོ་བསྲང་གི་སློབ་སྟོན་གནང་ཡོད་འདུག
དེ་བཞིན་ཉིན་རྒྱབ་གཙོ་བོ་ཧོན་སུར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལོ་འཁོར་སྔོན་རྩིས་ཐོག་ས་གནས་འཐུས་ཚོགས་དངོས་སུ་ཚོགས་པ་ལྟར། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། ཚོགས་འདུ་དབུ་འཛུགས་ཀྱི་ཚོགས་གཙོའི་གསུང་བཤད། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་བསྐོ་གཞག་གིས་མཚོན། ཀོ་ལི་གྷལ་དོན་གླིང་གི་ས་འཐུས་ཚོགས་ཟུར་གྱིས་གཙོ་སྐྱོང་ཐོག་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན། ཧོན་སུར་ས་གནས་འགོ་འཛིན་གྱིས་ས་འགོ་ལས་ཁུངས་ཀྱི་ལོ་འཁོར་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙ་ཐོ་སྙན་སྒྲོན། ལས་རིམ་དེ་གཉིས་དང་འབྲེལ་བའི་བགྲོ་གླེང་། ཐུགས་སྣང་གཞེན་སྐུལ། ས་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཁྲིམས་བཟོའི་ལས་དོན། སྔོན་རྩིས་གཏན་འབེབས་སོགས་དཔེ་མཚོན་གྱི་ཡིག་ཆ་ཁག་ཚང་མར་ཡོད་པའི་ཐོག་ཚོགས་གཙོའི་མཇུག་སྡོམ་གྱི་གསུང་བཤད་བཅས་སྔོན་རྩིས་ཀྱི་དམར་ཁྲིད་ལས་རིམ་བསྐྱངས་ཡོད། དམར་ཁྲིད་ལས་རིམ་སྐབས་ཟབ་སྦྱོང་བ་རྣམ་པ་ཚང་མས་ཐུགས་སྣང་ཆེན་པོས་མཉམ་ཞུགས་དང་ཆ་ཤས་བླངས་ཡོད་པ་དང་། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་སྐབས་དུས་སོ་སོར་སྐྱོན་གནད་ཡོ་བསྲང་གི་སློབ་སྟོན་གནང་ཡོད་འདུག
ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༤།༠༠ པའི་ཐོག་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོ་ཞིག་ཀྱང་གནང་ཡོད་པ་དང་། སྐབས་དེར་ཧོན་སུར་ས་འགོ་ལས་ཁུངས་ཀྱི་ལས་དྲུང་བཀྲ་ཤིས་བུ་ཁྲིད་ལགས་ཀྱིས་མཛད་རིམ་གཙོ་སྐྱོང་དང་སྦྲགས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ནས་གསུང་བཤད་གནང་བའི་སྙིང་དོན། བོད་མི་མང་སྤྱི་འཐུས་སྐབས་བཅུ་བདུན་པས་ད་བར་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད་པ་ནས་ད་ཐེངས་ཀྱི་ཟབ་སྦྱོང་འདི་ཐེངས་ ༡༠ པ་ཆགས་ཡོད་པ། དེ་ཡང་ས་གནས་སོ་སོའི་ས་འཐུས་རྣམ་པའི་འདོད་མོས་ལྟར་གོ་སྒྲིག་ཞུས་ཡོད་པ།
ཟབ་སྦྱོང་འདིར་ཕེབས་པའི་ས་གནས་འགོ་འཛིན་རྣམ་པ་དང་ས་འགོའི་ལས་ཚབ། ས་གནས་འཐུས་མི་དང་རང་བདེན་ཚོགས་མི། དོ་དབྱིངས་ཅན་བཅས་ཚང་མས་ད་ཐེངས་དམར་ཁྲིད་ལས་རིམ་གཉིས་ཀྱི་སྐབས་གཙོ་སྐྱོང་གནང་སྟངས་དང་། ཆ་ཤས་ལེན་སྟངས་རྣམས་ས་གནས་འཐུས་ཚོགས་དངོས་སུ་ཚོགས་པ་ལྟ་བུ་བྱུང་བར་བསྔགས་བརྗོད་གནང་ཡོད་པ་དང་། མ་འོངས་པར་ཟབ་སྦྱོང་འདིའི་རིགས་ལ་གཞོན་སྐྱེས་གང་མང་མང་མཉམ་ཞུགས་བྱེད་ཐུབ་པ་ཡིན་ན་གཞོན་སྐྱེས་རྣམས་ལ་ལས་དོན་བྱེད་ཕྱོགས་བརྒྱུད་སྤྲོད་དང་། མ་འོངས་པར་ན་གཞོན་རྣམས་ས་གནས་འཐུས་མི་ཆགས་པའི་སྐབས་སུ་ལས་དོན་ཚགས་ཚུད་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་སྐོར་དང་། བོད་མི་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་གཅིག་འགྱུར་ཡིན་པ་དང་། ལྟ་བ་དང་ལངས་ཕྱོགས་གང་ཡིན་རུང་ཚང་མ་མཉམ་དུ་འགྲོ་དགོས་པ་གལ་ཆེན་ཡིན་སྐོར་གསུངས་གནང་ཡོད་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ནས་གསུང་བཤད་གནང་བའི་སྙིང་དོན། ཟབ་སྦྱོང་སྐབས་ཚོགས་ཞུགས་པ་ཚང་མས་ཐུགས་སྣང་ཆེན་པོས་ཆ་ཤས་བཞེས་པ་དང་། མ་འོངས་ཡར་རྒྱས་གཏོང་ཕྱོགས་ཐད་དགོངས་ཚུལ་གསུངས་གནང་བར་ལེགས་སོ་བསྔགས་བརྗོད་དང་། དེ་བཞིན་སྣེ་ཁྲིད་ཀྱི་མི་སྣ་ཞིག་ཡིན་ན་སྣེ་ཁྲིད་ཀྱི་ལས་དོན་གང་མང་ཐོག་ཆ་ཤས་ལེན་དགོས་པ་གལ་ཆེ་ཡིན་སྐོར་སོགས་གསུངས་གནང་ཡོད་འདུག
དེ་རྗེས་ཧོན་སུར་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་ནས་ཟབ་སྦྱོང་མཇུག་བསྡོམས་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོ་གྲོལ་ཡོད་འདུག
ཟབ་སྦྱོང་གི་ཉིན་མཐའ་མ་ཟླ་ ༨ ཚེས་ ༡ ཉིན་གྱི་དགོང་དྲོར་ཚོགས་བཅར་བ་ཡོངས་ལ་དགའ་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། སྐབས་དེར་ཧོན་སུར་ས་གནས་སུ་གནས་བཞུགས་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ་འགྲོན་འབོད་ཞུས་པ་བཞིན་སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་དང་།སྤྱི་ཟུར་ཚེ་རིང་གཡུ་སྒྲོན་མཆོག་ཕེབས་ཡོད་པ་དང་། དེ་བཞིན་ཧོན་སུར་རབ་རྒྱས་གླིང་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་གནད་ཡོད་མི་སྣ་ཁག་མགྲོན་འབོད་ཞུས་པ་ལྟར་ལྷན་འཛོམས་ཀྱིས་དགོང་ཚིགས་གསོལ་སྟོན་ལེགས་པར་གྲུབ་རྗེས། ཐེངས་འདིའི་ཟབ་སྦྱོང་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།།